ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《གསར་དུ་བཙུགས་པའི་རང་མོས་ཚོང་དོན་ཚོད་ལྟ་ཁུལ6གི་སྤྱིའི་ཇུས་གཞིའི་སྐོར་གྱི་བརྡ་ཐོ》བཀྲམ་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-08-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉིན་ཤས་གོང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཀྲུང་གོའི(ཧྲན་ཏུང)(ཅང་སུའུ)(ཀོང་ཤིས)(ཧོ་པེ)(ཡུན་ནན)(ཧེ་ལུང་ཅང)རང་མོས་ཚོང་དོན་ཚོད་ལྟ་ཁུལ་གྱི་སྤྱིའི་ཇུས་གཞི》(གཤམ་དུ《སྤྱིའི་ཇུས་གཞི》ཞེས་བསྡུ་རྒྱུ)བཀྲམ་པ་རེད།

《སྤྱིའི་ཇུས་གཞིའི》ནང་། ཧྲན་ཏུང་དང་། ཅང་སུའུ། ཀོང་ཤིས། ཧོ་པེ། ཡུན་ནན། ཧེ་ལུང་ཅང་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་6ཏུ་བཙུགས་པའི་རང་མོས་ཚོང་དོན་ཚོད་ལྟ་ཁུལ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཏོན་པའི་ཐབས་ཇུས་གལ་ཆེན་ཞིག་ཡིན་ལ། དུས་རབས་གསར་པར་སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་བྱ་ཐབས་ཤིག་ཀྱང་རེད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས། སྤུས་ཚད་མཐོ་བའི་འཕེལ་རྒྱས་མཐའ་འཁྱོངས། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལ་རང་འགུལ་ངང་ཞབས་འདེགས་དང་མཉམ་འདྲེས། ཕྱི་ཕྱོགས་ལ་སྒོ་མོ་དབྱེ་བའི་སྤྱིའི་འཐབ་ཇུས་བཀོད་ཇུས་ལ་དེ་བས་ལེགས་པའི་སྒོ་ནས་ཞབས་འདེགས་ཞུ་བ་བཅས་བྱས་ཏེ་རང་མོས་ཚོང་དོན་ཚོད་ལྟ་ཁུལ་དུས་རབས་གསར་པའི་སྒྱུར་བཅོས་སྒོ་དབྱེའི་མཐོ་ས་གསར་པ་ཞིག་ཏུ་སྐྲུན་དགོས་ལུགས་བཏོན་ཡོད།

《སྤྱིའི་ཇུས་གཞིའི》ནང་། གཞོགས་གཅིག་གཙོ་བོར་འཛིན་པའི་ཧེ་བག་ཅན་གྱི་སྒྱུར་བཅོས་ཚོད་ལྟའི་ལས་འགན་ཁག་བཏོན་ཅིང་། ཧྲན་ཏུང་རང་མོས་ཚོང་དོན་ཚོད་ལྟ་ཁུལ་གྱིས་འཕེལ་རྒྱས་ཀྱི་འགུལ་ནུས་གསར་རྙིང་གི་འཐུད་མཇུག་བརྗེ་སྒྱུར་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་། རྒྱ་མཚོའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཕྱི་ཕྱོགས་ལ་སྒོ་མོ་ཕྱེ་བའི་མཐོ་ས་གསར་པ་ཞིག་ཆགས་པར་བྱེད་པ་བཅས་ལ་དམིགས་ཏེ། ཚོང་དོན་གྱི་ལས་རྣམ་གསར་པ་དང་རྣམ་པ་གསར་པ་སྐྱེད་སྲིང་བྱེད་པ་དང་། རྒྱ་མཚོའི་ཁྱད་ལྡན་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་གཏོང་བ། ཀྲུང་རི་ཧན་བཅས་རྒྱལ་ཁབ་གསུམ་པོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་འཚོལ་ཞིབ་བྱེད་པ་སོགས་ཀྱི་ཐད་ལ་བྱེད་ཐབས་ཞིབ་ཕྲ་བཏོན་ཡོད་པ་རེད། ཅང་སུའུ་རང་མོས་ཚོང་དོན་ཚོད་ལྟ་ཁུལ་གྱིས་སྒོ་དབྱེ་ཅན་གྱི་དཔལ་འབྱོར་འཕེལ་རྒྱས་སྔོན་སྐྱོད་ཁུལ་དང་དངོས་ཚན་དཔལ་འབྱོར་གྱི་གསར་གཏོད་འཕེལ་རྒྱས་དང་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ཚོད་ལྟ་ཁུལ་འཛུགས་པར་དམིགས་ཏེ། ས་ཁོངས་ཕྱིའི་མ་འཇོག་མཉམ་ལས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་དང་དངུལ་རྩས་དངོས་ཚན་དཔལ་འབྱོར་གྱི་འདེགས་སྐྱོར་ལ་ཤུགས་སྣོན་རྒྱག་པ། བཟོ་སྐྲུན་ལས་རིགས་ཀྱི་གསར་གཏོད་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་སོགས་ཀྱི་ཐད་ལ་བྱེད་ཐབས་ཞིབ་ཕྲ་བཏོན་ཡོད། ཀོང་ཤིས་རང་མོས་ཚོང་དོན་ཚོད་ལྟ་ཁུལ་གྱིས་ལྷོ་ནུབ་དང་། དབུས་ལྷོ། ནུབ་བྱང་བཅས་ཀྱི་རྒྱ་མཚོའི་གྲུ་ཁ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ལ་ཁ་ཕྱོགས་པའི་རྒྱལ་སྤྱིའི་སྐམ་ས་དང་རྒྱ་མཚོའི་ཚོང་དོན་གྱི་བགྲོད་ལམ་གསར་པ་སྐྲུན་པ་དང་། དུས་རབས་21པའི་མཚོ་ཐོག་དར་གོས་ལམ་བུ་དང་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་འབྲེལ་མཐུད་ཡག་པོ་བྱེད་པའི་སྒོ་མོ་གལ་ཆེན་འགྲུབ་པར་དམིགས་ཏེ། རྒྱལ་སྤྱིའི་བགྲོད་ལམ་ཆེན་པོ་ཤར་བགྲོད་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་མཉམ་ལས་བྱེད་པའི་སྔོན་སྐྱོད་ཚོད་ལྟའི་དཔེ་སྟོན་ཁུལ་དང་ནུབ་རྒྱུད་ཀྱི་སྐམ་ས་དང་རྒྱ་མཚོའི་མཉམ་འབྲེལ་གྲུ་ཁ་གལ་ཆེན་སྐྲུན་པ་སོགས་ཀྱི་ཐད་ལ་བྱེད་ཐབས་ཞིབ་ཕྲ་བཏོན་ཡོད། ཧོ་པེ་རང་མོས་ཚོང་དོན་ཚོད་ལྟ་ཁུལ་གྱིས་རྒྱལ་སྤྱིའི་ཚོང་དོན་ཟོག་འགྲེམས་ལྟེ་གནས་གལ་ཆེན་དང་། བཟོ་ལས་ཅན་གྱི་རྟེན་གཞི་གསར་པ། གོ་ལ་ཧྲིལ་པོའི་གསར་གཏོད་མཐོ་ས་དང་སྒོ་དབྱེ་འཕེལ་རྒྱས་ཀྱི་སྔོན་སྐྱོད་ཁུལ་བཅས་སྐྲུན་པར་དམིགས་ཏེ། རྒྱལ་སྤྱིའི་ཚོང་ཟོག་ཆེ་གྲས་ཚོང་དོན་ལ་རྒྱབ་སྐྱོར་དང་སྐྱེ་དངོས་གསོ་རིག་སྨན་རྫས་དང་ཚེ་སྲོག་བདེ་ཐང་ཐོན་ལས་ཀྱི་གསར་སྤེལ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་སོགས་ཀྱི་ཐད་ལ་བྱེད་ཐབས་ཞིབ་ཕྲ་བཏོན་ཡོད། ཡུན་ནན་རང་མོས་ཚོང་དོན་ཚོད་ལྟ་ཁུལ་གྱིས“རྒྱུད་གཅིག་ལམ་གཅིག”དང་འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་མཉམ་འབྲེལ་མཉམ་མཐུད་ཀྱི་བགྲོད་ལམ་གལ་ཆེན་སྐྲུན་པ་དང་། ཨེ་ཤེ་ཡ་ལྷོ་མ་དང་ཨེ་ཤེ་ཡ་ཤར་ལྷོའི་ས་ཁུལ་གྱི་བགྲོད་ལམ་གལ་ཆེན་དང་འབྲེལ་མཐུད་བྱེད་པའི་མཚམས་ཚིགས་གལ་ཆེན་སྐྲུན་པ། རང་རྒྱལ་གྱིས་ཨེ་ཤེ་ཡ་ལྷོ་མ་དང་ཨེ་ཤེ་ཡ་ཤར་ལྷོའི་ས་ཁུལ་ལ་ཁ་ཕྱོགས་པའི་ཁྱབ་འགྱེད་ལྟེ་གནས་དང་སྒོ་དབྱེའི་མདུན་ཕྱོགས་ཆགས་རྒྱུར་སྐུལ་འདེད་གཏོང་བ་བཅས་ལ་དམིགས་ཏེ། མཐའ་རྒྱུད་མཚམས་སྒྲོལ་དཔལ་འབྱོར་མཉམ་ལས་ཀྱི་རྣམ་པ་གསར་གཏོད་དང་ཚན་རྩལ་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་ཐད་ལ་བྱེད་ཐབས་ཞིབ་ཕྲ་བཏོན་ཡོད། ཧེ་ལུང་ཅང་རང་མོས་ཚོང་དོན་ཚོད་ལྟ་ཁུལ་གྱིས་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་ཟབ་ཏུ་གཏོང་བ་དང་། ཨུ་རུ་སུ་དང་དེ་བཞིན་ཨེ་ཤེ་ཡའི་བྱང་ཤར་ས་ཁུལ་གྱི་ས་ཁོངས་མཉམ་ལས་ལྟེ་གནས་སྐྲུན་པར་དམིགས་ཏེ། དངོས་ཚན་དཔལ་འབྱོར་གྱི་ཕྱོགས་སྒྱུར་རིམ་སྤོར་མགྱོགས་སུ་གཏོང་བ་དང་། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཨུ་རུ་སུ་དང་དེ་བཞིན་ཨེ་ཤེ་ཡའི་བྱང་ཤར་ས་ཁུལ་ལ་ཁ་ཕྱོགས་པའི་འགྲིམ་འགྲུལ་ཟོག་འགྲེམས་ལྟེ་གནས་སྐྲུན་པར་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ལ་བྱེད་ཐབས་ཞིབ་ཕྲ་བཏོན་ཡོད་པ་རེད།

《སྤྱིའི་ཇུས་གཞིའི》ནང་། རང་མོས་ཚོང་དོན་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱེད་རིང་། མཐའ་ཚད་ཀྱི་བསམ་བློ་དང་ཉེན་ཁའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ཉེན་ཁ་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ས་ཁོངས་བརྟན་ལྷིང་དང་། བདེ་འཇགས། ནུས་ཆེ་བཅས་ཀྱི་སྒོ་ནས་འཁོར་རྒྱུག་ཐུབ་པར་བྱས་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་བདེ་འཇགས་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས། ས་ཁུལ་དང་སྡེ་ཚན་གྱི་ཧུར་བརྩོན་རང་བཞིན་འདོན་སྤེལ་གང་ལེགས་བྱས་ཏེ་སྒྱུར་བཅོས་ཚོད་ལྟའི་ལས་འགན་ཁག་གི་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ནས་ཚད་གཞི་མཐོ་པོ་དང་སྤུས་ཚད་མཐོ་པོས་རང་མོས་ཚོང་དོན་ཚོད་ལྟ་ཁུལ་སྐྲུན་དགོས། ས་གནས་ཁག་གིས་ས་གནས་ཀྱི་ཁྲིམས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་བྱང་ཚད་མཐོ་བའི་དོ་དམ་དཔུང་ཁག་ཅིག་འཛུགས་དགོས། འབྲེལ་ཡོད་སྡེ་ཚན་ཁག་གིས་འབྲེལ་ཡོད་དོ་དམ་དབང་ཆ་འཕྲལ་དུ་གཤམ་ལ་སྤྲད་དེ་སྒྱུར་བཅོས་ཀྱི་རང་བདག་དབང་ཆ་གང་ལེགས་སྤྲོད་དགོས། ཚོད་ལྟའི་ལས་འགན་གྱི་ཕྱོགས་སྡོམ་ཚོད་སྐོར་ལ་ཤུགས་སྣོན་རྒྱག་པ་དང་སྲིད་ཇུས་ཀྱི་བརྒྱུད་རིམ་ལྡན་པའི་འདུས་གྲུབ་རང་བཞིན་ལ་ཤུགས་སྣོན་བརྒྱབ་སྟེ་འདྲ་བཟོ་ཆོག་པ་དང་ཁྱབ་གདལ་ཆོག་པའི་སྒྱུར་བཅོས་ཀྱི་ཉམས་མྱོང་མང་པོ་གྲུབ་པར་བྱས་ནས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པའི་ནན་བཤད་བྱས་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།