ཀྲུང་གོ་བོད་ཀྱི་དྲ་བ།

ལོ70ཡི་རིང་རང་རྒྱལ་འདི་ཉིད་གོ་ལ་ཧྲིལ་པོའི་ཚོང་ཟོག་ཉོ་ཚོང་གི་རྒྱལ་ཁབ་ཆེ་ཤོས་ལ་གྱུར་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-08-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཚེས27ཉིན་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ70འཁོར་བའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་སྙན་ཞུ་ཡོངས་བསྒྲགས་བྱས་ཤིང་། སྙན་ཞུའི་ནང་མངོན་པར་གཞིགས་ན། 1950ལོའི་རང་རྒྱལ་གྱི་ཚོང་ཟོག་ཕྱིར་གཏོང་ནང་འདྲེན་གྱི་གྲངས་འབོར་ཨ་སྒོར་དུང་ཕྱུར11.3ཟིན་པ་དང་། 2018ལོར་ཨ་སྒོར་དུང་ཕྱུར་ཁྲི4.6ལྷག་ཙམ་ཟིན་ནས་གོ་ལ་ཧྲིལ་པོའི་ཚོང་ཟོག་ཉོ་ཚོང་གི་རྒྱལ་ཁབ་ཆེ་ཤོས་ལ་གྱུར་ཡོད།

ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70སོང་རིང་། རང་རྒྱལ་འདི་ཉིད་བཀག་སྡོམ་དང་ཕྱེད་བཀག་སྡོམ་ནས་ཕྱོགས་ཡོངས་ནས་སྒོ་དབྱེའི་བར་གྱི་རླབས་ཆེན་གྱི་ཁ་ཕྱོགས་འགྱུར་མཚམས་ཤིག་མངོན་འགྱུར་བྱུང་ཡོད། སྒྱུར་བཅོས་སྒོ་དབྱེ་མ་བྱས་གོང་། ཚོང་ཟོག་ཉོ་ཚོང་ཐད་གཙོ་བོ་རྒྱལ་ཁབ་ཀྱི་གཅིག་གྱུར་བཀོད་སྒྲིག་འོག་འཆར་གཞིའི་བླང་བྱ་ལྟར་བྱས་པ་དང་། 1950ལོ་ནས1977ལོའི་བར་གྱི་ལོ་28རིང་། ཚོང་ཟོག་ཕྱིར་གཏོང་ནང་འདྲེན་བྱེད་ཚད་རིམ་རྩིས་བརྒྱབ་ན་ཨ་སྒོར་དུང་ཕྱུར་1487ཟིན་ནས་ལོ་རེར་ཆ་སྙོམས་10%མ་ཟིན་ཙམ་འཕར་ཡོད།

སྒྱུར་བཅོས་སྒོ་དབྱེ་བྱས་ཚུན། ཕྱི་ཕྱོགས་ཉོ་ཚོང་གང་མགྱོགས་འཕེལ་རྒྱས་ཕྱིན་ཞིང་། 1978ལོ་ནས2018ལོ་བར། རང་རྒྱལ་གྱི་ཚོང་ཟོག་ཕྱིར་གཏོང་ནང་འདྲེན་བྱེད་ཚད་ལྡབ་223འཕར་ནས་ལོ་རེར་ཆ་སྙོམས་འཕར་ཚད་14.5%ཟིན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་རྒྱལ་གྱིས་ཕྱི་ཕྱོགས་ཚོང་དོན་གྱི་འགྲན་རྩོད་ལེགས་ཆ་གསར་པ་མགྱོགས་མྱུར་སྐྱེད་སྲིང་བྱས་པས2018ལོར་ཚོང་ཟོག་ཕྱིར་གཏོང་ནང་འདྲེན་གྱི་གཞི་ཁྱོན་ཨ་སྒོར་དུང་ཕྱུར་ཁྲི4.6ལྷག་ཙམ་ཟིན་ནས་མི་དམངས་ཤོག་སྒོར་གྱི་རིན་གོང་དུང་ཕྱུར་ཁྲི་30ཡི་འགག་སྒོ་ཆེ་མོ་ལས་ཐོག་མར་བརྒལ་ཡོད།

ཚོང་ཟོག་ཕྱིར་གཏོང་ནང་འདྲེན་གྱི་གཞི་ཁྱོན་གང་མགྱོགས་ཆེ་རུ་ཕྱིན་པ་དང་བསྟུན་ནས་རང་རྒྱལ་གྱི་ཚོང་ཟོག་ཉོ་ཚོང་གིས་གོ་ལ་ཧྲིལ་པོའི་གྲངས་འབོར་དང་ཨང་རིམ་རིམ་བཞིན་འཕར་ཡོད། སྙན་ཞུ་གཞིར་བཟུང་། 1978ལོའི་རང་རྒྱལ་གྱི་ཚོང་ཟོག་ཕྱིར་གཏོང་ནང་འདྲེན་གྱི་བསྡོམས་འབོར་དེས་གོ་ལ་ཧྲིལ་པོའི་གྲངས་འབོར་གྱི་0.8%ཟིན་པ་དང་། 2018ལོའི་རང་རྒྱལ་གྱི་ཚོང་ཟོག་ཕྱིར་གཏོང་ནང་འདྲེན་གྱི་བསྡོམས་འབོར་དེས་གོ་ལ་ཧྲིལ་པོའི་གྲངས་འབོར་གྱི་11.8%ཟིན་ཡོད།

“ནང་དུ་གདན་དྲངས་པ”དང“ཕྱིར་སྐྱོད་རྒྱུ”གཉིས་དུས་མཉམ་དུ་སྤེལ་ཞིང་། 2018ལོའི་ལོ་མཇུག་བར་རང་རྒྱལ་གྱིས་རིམ་རྩིས་བརྒྱབ་ན་ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས་960725བཙུགས་པ་དང་ཕྱི་རྒྱལ་གྱི་ཚོང་པས་ཐད་ཀར་བཏང་བའི་མ་དངུལ་ཨ་སྒོར་དུང་ཕྱུར་21492དངོས་སུ་བེད་སྤྱོད་བྱས་པ་དང་། ཕྱི་ཕྱོགས་སུ་ཐད་ཀར་མ་དངུལ་བཏང་བའི་གསོག་འབོར་ཨ་སྒོར་དུང་ཕྱུར་ཁྲི་1.9ཟིན་ནས་2002ལོའི་གོ་ལ་ཧྲིལ་པོའི་ཨང་25ནས་ད་ཆའི་ཨང་3པ་བར་འཕར་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།