ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཀྲུང་དབྱང་དམག་ཨུ་བཅས་ཀྱིས“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ70འཁོར་བར་རྟེན་འབྲེལ་ཞུ”བའི་དྲན་གསོའི་རྟགས་མ་ཁྱབ་བསྒྲགས་གནང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-08-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1124936006_15670455492021n.jpg

འདི་ནི“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ70འཁོར་བར་རྟེན་འབྲེལ་ཞུ་བའི”དྲན་གསོའི་གཟེངས་བསྟོད་རྟགས་མ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཀྲུང་དབྱང་དམག་ཨུ་བཅས་ཀྱིས“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ70འཁོར་བར་རྟེན་འབྲེལ་ཞུ་བའི”དྲན་གསོའི་གཟེངས་བསྟོད་བྱ་འགུལ་སྤེལ་བ་རེད། “ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ70འཁོར་བར་རྟེན་འབྲེལ་ཞུ”ཞེས་པའི་དྲན་གསོའི་གཟེངས་བསྟོད་རྟགས་མ་གནང་བ་དེ་ནི་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་ངོ70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་རབ་དང་རིམ་པའི་ཁྲོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། དེས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོར་ཤུགས་སྣོན་རྒྱག་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བསྟར་བ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་གི་གོང་བུ་འགྲིལ་ཤུགས་དང་ཤུགས་རྐྱེན་ཇེ་ཟབ་ཏུ་གཏོང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད།

ཏང་དང་རྒྱལ་ཁབ་ཀྱི་བྱས་རྗེས་མཚན་སྙན་གཟེངས་བསྟོད་ལས་དོན་ཨུ་ལྷན་གཞུང་དོན་ཁང་གི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། “ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ”ཞེས་པའི་དྲན་གསོའི་གཟེངས་བསྟོད་རྟགས་མ་དེ་གཤམ་གསལ་གྱི་ཆ་རྐྱེན་ལྡན་པའི་བྱས་རྗེས་ཅན་དག་ལ་གནང་རྒྱུ་ཡིན་པ་རེད།

——ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་མ་བརྙེས་གོང་གསར་བརྗེའི་ལས་ཀར་ཞུགས་ཤིང་ད་སྔ་འཚོ་བཞུགས་གནང་བཞིན་པའི་འཐབ་འཛིང་པ་རྒན་གྲས་དང་བློ་མཐུན་རྒན་གྲས།

——ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས་རྒྱལ་ཁབ་རིམ་པའི་གཟེངས་བསྟོད་བྱ་དགའ་དང་དེ་ཡན་གྱི་གཟི་བརྗིད་མཚན་སྙན་ཐོབ་པ་མ་ཟད་ད་སྔ་འཚོ་བཞུགས་གནང་བཞིན་པའི་མི་སྣ།

——ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས་དམག་འཐབ་ནང་ཞུགས་ནས་བྱས་རྗེས་རིམ་པ་དང་པོའི་ཡན་གྱི་བྱ་དགའ་ཐོབ་པ་དང་ད་སྔ་འཚོ་བཞུགས་གནང་བཞིན་པའི་དམག་མི། (ལས་འཁྱུར་ངལ་གསོའི་དམག་མི་ཚུད)

——ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པར་གཟེངས་སུ་ཐོན་པའི་བྱས་རྗེས་ལྡན་པའི་རྒྱལ་སྤྱིའི་མི་སྣ།

ཐེངས་འདིའི་རྟགས་མ་སྤྲོད་པའི་ཁྱབ་ཁོངས་ནང་2019ལོའི་ཟླ་1ཚེས་1ཉིན་གྱི་ཚུན་ཚེ་ལས་འདས་པའང་ཚུད།

དྲན་གསོའི་རྟགས་མ་དེ་ནི་ཟངས་ཀྱི་རྒྱུ་ལ་གསེར་ཚོན་བྱུགས་པ་དང་ཚངས་ཐིག་ཧའོ་སྨི་50ཡིན། གཞི་རྒྱུ་གཙོ་བོ་ནི་སྐར་ལྔ་དང“70”དབྱིབས་ཀྱི་དཔྱངས་དར། མཐུན་སྒྲིལ་རྒྱས་མདུད། སྤྲིན་དང་འོད་ཟེར་བཅས་ཡིན་པ་དང་ཚོན་མདོག་གཙོ་བོ་ནི་དམར་པོ་དང་གསེར་མདོག་རེད། རྟགས་མའི་ཆ་ཤས་གཙོ་བོ་ནི་སྐར་ལྔ་ཡིན་པ་དང་དེས་རྒྱལ་ཁབ་ཀྱི་གཟི་བརྗིད་མཚོན་ཡོད། “70”དབྱིབས་ཀྱི་དཔྱངས་དར་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལོ་ངོ70ཡི་འབད་འཐབ་བྱེད་པའི་ལོ་རྒྱུས་ཀྱི་ལམ་བུ་མཚོན་ཡོད། སྐར་ལྔ་དང“70”དབྱིབས་ཀྱི་དཔྱངས་དར་ལ་མཐུན་སྒྲིལ་རྒྱས་མདུད་ཀྱིས་སྤྲས་པ་དེས་རྒྱལ་ཡོངས་མི་རིགས་ཁག་གི་མཐུན་སྒྲིལ་ཆེན་མོ་མཚོན་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུ་ཡིན་པ་མཚོན། རྟགས་མའི་མཐའ་ཡས་སུ་སྤྲིན་པ་དང་འོད་ཟེར་གྱིས་བརྒྱན་པ་དེས་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཟུང་བའི་སྨོན་འདུན་མཚོན་པ་དང་ཆབས་ཅིག ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཁྲུངས་སྐར་ལ་རྟེན་འབྲེལ་གཟབ་རྒྱས་ཞུས་པ་དང་། རྒྱལ་ཁབ་སྟོབས་འབྱོར་ལྡན་པ་དང་། མི་རིགས་དར་རྒྱས། མི་དམངས་བདེ་སྐྱིད་ལྡན་པའི་གྲུབ་འབྲས་ལ་གཟེངས་བསྟོད་དང་། དེ་བཞིན་ལོ་ངོ70ཡི་འོད་སྟོང་འཕྲོ་བའི་འབད་འཐབ་གྲུབ་འབྲས་ཀྱི་རྨང་གཞིའི་ཐོག་བརྗེད་དུ་མི་རུང་བ་དང་མུ་མཐུད་མདུན་སྐྱོད་བྱེད་དགོས་པའི་ཆོད་སེམས་བརྟན་པོ་མཚོན་པར་བྱས་ཡོད། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།