ཀྲུང་གོ་བོད་ཀྱི་དྲ་བ།

2019ལོའི་པེ་ཅིང་འཛམ་གླིང་སྐྱེད་ཚལ་སྟོན་ཚོགས་ཀྱི“མཚོ་སྔོན་ཉིན་མོའི”བྱེད་སྒོ་དངོས་སུ་སྤེལ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2019-09-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9ཚེས1ཉིན། པེ་ཅིང་འཛམ་གླིང་སྐྱེད་ཚལ་སྟོན་ཚོགས་ཀྱི“མཚོ་སྔོན་ཉིན་མོའི”བྱེད་སྒོ་བརྗིད་ཉམས་ལྡན་པའི་ལྕགས་རི་རིང་པོའི་འདབས་དང་མཛེས་སྡུག་ལྡན་པའི་ཀོའེ་ཧྲུན་ཆུ་འགྲམ་དུ་དངོས་སུ་སྤེལ་བ་རེད། པེ་ཅིང་གྲོང་ཁྱེར་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའི་ཧྲུའུ་ཅི། ཡོན་ཀྲང་ཁུའུ་ཧྥེ་དང་། ཀྲུང་གོ་ཚོང་དོན་སྐུལ་སྤེལ་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ལུའུ་ཕུང་ཆི། རྒྱལ་ཁབ་ནགས་རྩྭ་ཅུས་ཀྱི་སྤྱི་ཁྱབ་དཔལ་འབྱོར་མཁས་ཅན་དབྱང་ཁྲའོ། ཀྲུང་གོར་བཅའ་སྡོད་བྱེད་པའི་ལེ་སོ་ཐོའི་གཞུང་ཚབ་ཆེ་མོ་བ་སའེ་ཐེ་ནན་བཅས་སོ་སོས་ཤིས་ཚིག་སྒྲོག་པ་དང་། ཧྲེང་ཀྲང་གཞོན་པ་ལིའུ་ཐའོ་ཡིས་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ཚབ་ཞུས་ནས་ཤིས་ཚིག་སྒྲོག་པ་མ་ཟད། “མཚོ་སྔོན་ཉིན་མོའི”བྱེད་སྒོ་འགོ་ཚུགས་པ་ཁྱབ་བསྒྲགས་ཀྱང་བྱས་པ་རེད། 

     འགོ་ཚུགས་མཛད་སྒོའི་ཐོག་མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས“མཛེས་སྡུག་ལྡན་པའི་མཚོ་སྔོན་རིག་གནས་ཡུལ་སྐོར”ཞེས་པའི་བརྗོད་དོན་གཙོ་བོའི་འོས་སྦྱོར་བྱས་པ་དང་། མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་ས་ཁོངས་རིག་གནས་ཀྱི་ཁྱད་ཆོས་ལྡན་པའི་གླུ་གར་འཁྲབ་སྟོན་བྱས་པས་འགོ་ཚུགས་མཛད་སྒོ་ལ་མཐོ་རླབས་འཕྱུར་བཅུག་ཡོད།

     འགོ་ཚུགས་མཛད་སྒོ་མཇུག་རྫོགས་རྗེས། ཞིང་ཆེན་ཚོང་དོན་ཐིང་དང་ཞིང་ཆེན་ཚོང་དོན་སྐུལ་སྤེལ་ལྷན་ཚོགས་ཀྱིས་པེ་ཅིང་འཛམ་གླིང་སྐྱེད་ཚལ་དངོས་མང་སྟོན་ཚོགས་ཀྱི་ལས་རིགས་གཅིག་པའི་ཐང་ཆེན་དུ“མཚོ་སྔོན་ཉིན་མོའི”མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི་དཔལ་འབྱོར་ཚོང་དོན་ཡུལ་སྐོར་འོས་སྦྱོར་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུ་འཚོགས་ཏེ། མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་དང་། འཕེལ་རྒྱས་གྲུབ་འབྲས། ཁྱད་ལྡན་ཐོན་རྫས། ཐོན་ཁུངས་ལེགས་ཆ་བཅས་དང་། དེ་བཞིན་མཚོ་སྔོན་ཞིང་ཆེན་གྱི་མ་འཇོག་ཁོར་ཡུག་དང་མ་འཇོག་ཚོང་དོན་མཉམ་ལས་རྣམ་གྲངས་གཙོ་གནད་བཅས་ཆེད་དོན་དྲིལ་བསྒྲགས་འོས་སྦྱོར་བྱས་པ་དང་འབྲེལ། ཚོགས་ཞུགས་ཀྲུང་གོ་དང་ཕྱི་རྒྱལ་གྱི་ཁེ་ལས་སྒྲིག་འཛུགས་བྱས་ནས་དཔལ་འབྱོར་ཚོང་དོན་གྱི་ངོ་འཕྲད་གྲོས་མོལ་དང་སྤེལ་རེས་ཀྱང་བྱས་པ་རེད། 

     ཤེས་རྟོགས་བྱུང་བར་གཞིགས་ན། “མཚོ་སྔོན་ཉིན་མོའི”བྱེད་སྒོས་ཟླ་9ཚེས་1ཉིན་ནས་ཚེས་3ཉིན་བར་གྱི་དུས་ཚོད་བེད་སྤྱད་དེ། མི་རིགས་ཀྱི་གླུ་གར་འཁྲབ་སྟོན་དང་། རིག་གནས་ཡུལ་སྐོར་འོས་སྦྱོར། ཁྱད་ལྡན་ཐོན་རྫས་འགྲེམས་སྟོན། དཔལ་འབྱོར་ཚོང་དོན་གྱི་ངོ་འཕྲད་གྲོས་མོལ། ཞིམ་ཟས་མྱོང་རོལ་དང་དེ་བཞིན་པར་ལེན་འགྲེམས་སྟོན་སོགས་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་བརྒྱུད་འཛམ་གླིང་ལ་མཚོ་སྔོན་གྱི་སྣོད་བཅུད་ཁོར་ཡུག་བཟང་པོ་དང་། སྣ་མང་གི་མི་རིགས་རིག་གནས། ཐུན་མོང་མ་ཡིན་པའི་ཡུལ་སྐོར་ཐོན་ཁུངས། ས་མཐོའི་སྦགས་མེད་ཁྱད་ལྡན་ཞིང་ལས་དང་ཕྱུགས་ལས་ཐོན་རྫས་བཅས་ངོམས་པ་དང་། མཚོ་སྔོན་གྱིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་། རིག་གནས་ཡུལ་སྐོར་འཕེལ་རྒྱས། ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་སོགས་ཐད་ཐོབ་པའི་གྲུབ་འབྲས་ཆེན་པོ་དྲིལ་བསྒྲགས་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།