ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀུན་སྤྱོད་དཔེ་ལེགས་ཅན་གྱི་གཟེངས་བསྟོད་བྱ་འགུལ་ཐད་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ལམ་རྒྱལ་ཡོངས་ཀུན་སྤྱོད་དཔེ་ལེགས་ཅན་གྱི་གཟེངས་བསྟོད་བྱ་འགུལ་ཐད་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ནས། གཟེངས་བསྟོད་ཐོབ་པའི་རྒྱལ་ཡོངས་ཀུན་སྤྱོད་དཔེ་ལེགས་ཅན་ལ་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་ལ་ཉེ་བའི་སྐབས་སུ། ཀྲུང་དབྱང་དཔལ་ཡོན་ཨུ་ཡོན་ལྷན་ཁང་གིས་སྐབས་གསར་བའི་ཀུན་སྤྱོད་དཔེ་ལེགས་ཅན་དཔྱད་བསྡུར་འདེམས་བསྐོ་དང་གཟེངས་བསྟོད་བྱས་པ་དང་། དེ་དར་སྲོལ་བཟང་བོ་དང་དྲང་ཕྱོགས་ཀྱི་ནུས་པ་དར་སྤེལ་གཏོང་བ་དང་། སྤྱི་ཚོགས་ཧྲིལ་བོ་ཡར་ཐོན་དང་ཇེ་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་བའི་ཐད་དོན་སྙིང་གལ་ཆེན་ལྡན་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རྒྱལ་ཡོངས་ཀུན་སྤྱོད་དཔེ་ལེགས་ཅན་གྱིས་མེས་རྒྱལ་ལ་དགའ་ཞེན་བྱེད་པ་དང་མི་དམངས་ལ་ཞབས་འདེགས་ཞུ་བའི་བརྩེ་སེམས་དང་། འབད་བརྩོན་ལྷོད་མེད་དང་དཀའ་སྤྱད་མདུན་སྐྱོད་བྱེད་པའི་འབད་འཐབ་སྙིང་སྟོབས། ཧུར་སྐྱེད་ཡར་བརྩོན་དང་སྤྱོད་ལེགས་སྲོལ་བཟང་གི་བསམ་ཚུལ་མངོན་པར་བྱས་ཡོད། ཀུན་སྤྱོད་དཔེ་ལེགས་ཅན་གྱི་སྔོན་ཐོན་བྱས་རྗེས་དྲིལ་སྒྲོག་རྒྱ་ཆེར་བྱེད་པ་དང་། ཀུན་སྤྱོད་དཔེ་ལེགས་ཅན་གྱི་བླ་མེད་རང་གཤིས་དར་སྤེལ་བྱེད་པ། མི་རྣམས་ཀྱིས་ཀུན་སྤྱོད་དཔེ་ལེགས་ཅན་ལ་སློབ་སྦྱོང་བྱེད་པར་སྣེ་ཁྲིད་བྱས་ནས། བླ་མེད་སྤྱོད་བཟང་གི་ལག་བསྟར་པ་དང་དཔལ་ཡོན་དར་སྲོལ་གྱི་སྲུང་སྐྱོབ་པ། མཛེས་སྡུག་འཚོ་བའི་གསར་སྐྲུན་པ་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་བསྟར་བྱེད་པ་དང་། སྤྱི་ཚོགས་ཀྱི་སྤྱི་པའི་སྤྱོད་བཟང་དང་ལས་རིགས་ཀྱི་ཀུན་སྤྱོད། ཁྱིམ་ཚང་གི་གོམས་སྲོལ་བཟང་བོ། མི་སྒེར་གྱི་ཀུན་སྤྱོད་འཛུགས་སྐྲུན། མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བ། མི་རིགས་བསྐྱར་དར་གྱི་ལས་འགན་ཕྲག་ཏུ་ཁུར་བའི་དུས་རབས་ཀྱི་མི་གསར་བ་སྐྱེད་སྲིང་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ཀུན་སྤྱོད་བཟང་བོས་མི་ཡོངས་ལ་དྲོད་ཁོལ་སྐྱེལ་ཐུབ་པར་བྱས་ནས། དུས་རབས་གསར་བར་བསྐྱོད་པ་དང་། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཐད་སྟོབས་ཤུགས་དང་ཀུན་སྤྱོད་ཀྱི་འདེགས་སྐྱོར་ཆེན་པོ་འདོན་སྤྲོད་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།