ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཀྲན་ཧྲུའུ་ཐེན་ཅིན་ནས་ཞིང་ཆེན་རིམ་པའི་དམངས་འཐུས་ཚོགས་ཆེན་གྱི་ཁྲིམས་འཛུགས་བྱ་བའི་བརྗེ་རེས་ཚོགས་འདུར་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1124965900_15676983066281n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞིང་ཆེན་རིམ་པའི་དམངས་འཐུས་ཚོགས་ཆེན་གྱི་ཁྲིམས་འཛུགས་བྱ་བའི་བརྗེ་རེས་ཚོགས་འདུ་ཟླ་དགུ་བའི་ཚེས་བཞི་ཉིན་ནས་ཚེས་ལྔ་ཉིན་བར་ཐེན་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་ནས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་ཁྲིམས་འཛུགས་བྱ་བའི་ཐད་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ། དུས་རབས་གསར་བའི་ས་གནས་ཁྲིམས་འཛུགས་བྱ་བར་ཤུགས་སྣོན་དང་ལེགས་བསྒྱུར་བྱེད་པ། ཁྲིམས་འཛུགས་སྤུས་ཚད་མཐོར་འདེགས་བཏང་སྟེ། ཁྲིམས་འཛུགས་བཟང་བོ་བྱེད་པར་ཁག་ཐེག་བྱེད་པ་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བ་དང་བཅོས་སྒྱུར་མཁྲེགས་གཏོར་ལས་འགན་ཡོངས་འགྲུབ་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།

ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་མཐོ་ཚད་ནས། དམངས་འཐུས་ཚོགས་ཆེན་གྱི་ཁྲིམས་འཛུགས་བྱ་བར་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་བཀོད་སྒྲིག་རབ་དང་རིམ་པ་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་འདུ་ཤེས་གསར་བ་དང་བསམ་བློ་གསར་བ། འཐབ་ཇུས་གསར་བ་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ལྷག་པར་དུ་ཁྲིམས་འཛུགས་བྱ་བའི་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གྱི་རེ་བ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ། བཅའ་ཁྲིམས་ཚད་ལྡན་མ་ལག་འཛུགས་སྐྲུན་ཆ་ཚང་བྱས་ཏེ། རང་རྟོགས་སྒོས་དུས་རབས་གསར་བས་ས་གནས་ཁྲིམས་འཛུགས་ཐད་བཏོན་པའི་ལས་འགན་གསར་བ་ཕྲག་ཏུ་ལེན་དགོས། ས་གནས་ཁྲིམས་འཛུགས་རྐྱེན་སྲོལ་དང་སྒྲིག་གཞི་འཐུས་ཚང་དུ་གཏོང་བ་དང་། ཁྲིམས་འཛུགས་བྱ་བའི་སྤྱི་ཁོག་་གི་མཉམ་ཤུགས་གྲུབ་པར་བྱས་ནས། མཉམ་དུ་དམངས་འཐུས་ཚོགས་ཆེན་གྱི་ཁྲིམས་འཛུགས་བྱ་བའི་ཆུ་ཚད་མཐོར་འདེགས་གཏོང་དགོས་ཟེར།

1124965900_15676983252341n.jpg

ལིས་ཀྲུན་ཧྲུའུ་ཡིས་ནན་གྱིས་བསྟན་དོན། དུས་རབས་གསར་བའི་ས་གནས་ཁྲིམས་འཛུགས་བྱ་བ་བཟང་བོར་བསྒྲུབ་ན། ངེས་པར་དུ་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་ལ་རྒྱུས་ལོན་གཏིང་ཟབ་བྱེད་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱེད་རྒྱུ་དེ་ཁྲིམས་འཛུགས་གོ་རིམ་ཧྲིལ་བོ་ཁྲོད་དང་ཕྱོགས་སོ་སོ་ནས་མངོན་པར་བྱས་ཏེ། ས་གནས་ཏང་ཨུས་ཏང་ཀྲུང་དབྱང་གི་སྲིད་ཇུས་དང་བྱེད་ཕྱོགས་ལག་བསྟར་བྱེད་པའི་བཀོད་སྒྲིག་བྱེད་ཐབས་ཁྲིམས་ལྟར་དངོས་འབེབས་བྱེད་པར་མཁས་པར་བྱེད་དགོས། དམངས་འཐུས་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་བྱ་བའི་ཁྲོད་ཀྱི་གཙོ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ཁྲིམས་འཛུགས་པ་དང་། དམངས་གཙོ་ལྟར་ཁྲིམས་འཛུགས་པ། ཁྲིམས་ལྟར་ཁྲིམས་འཛུགས་པའི་ཆུ་ཚད་མཐོར་འདེགས་གཏོང་བ། རྒྱལ་ཁབ་ཁྲིམས་ལུགས་ཀྱི་གཅིག་གྱུར་དང་དབང་ཟིལ་ལ་སྲུང་སྐྱོབ་བྱས་ནས། བཙུགས་པའི་བཅའ་ཁྲིམས་རེ་རེས་ལག་ལེན་གྱི་ཉམས་སད་ཐེག་ཐུབ་པ་དང་། མི་དམངས་དང་ལོ་རྒྱུས་ཀྱི་ཞིབ་དཔྱད་ཐེག་ཐུབ་པར་ཁག་ཐེག་བྱེད་དགོས། ཁྲིམས་འཛུགས་དང་བཅོས་བསྒྱུར་གྱི་ཇུས་ཆོད་ཕན་ཚུན་སྦྲེལ་མཐུད་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ས་གནས་ཀྱིས་བཅོས་བསྒྱུར་ཟབ་སྤེལ་བྱེད་པ་དང་སྒོ་འབྱེད་རྒྱ་སྐྱེད་པའི་བཅའ་ཁྲིམས་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཝང་ཁྲིན་གྱིས་ཚོགས་འདུར་འགོ་འཛིན་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།