ལི་ཁི་ཆང་གིས་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་དང་གྲོས་མོལ་མཛད།

3.jpg

ཟླ་དགུ་བའི་ཚེས་དྲུག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་དངོས་གཞིའི་འཚམས་འདྲི་བྱེད་པར་ཡོང་བའི་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་དང་གྲོས་མོལ་མཛད།གྲོས་མོལ་གྱི་སྔོན་ལ་ལི་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་ཐང་ཆེན་ནས་མའོ་ཁི་ཨར་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁི་ཆང་གིས་ཚེས་དྲུག་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་དངོས་གཞིའི་འཚམས་འདྲི་བྱེད་པར་ཡོང་བའི་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་དང་གྲོས་མོལ་མཛད།

ལི་ཁི་ཆང་གིས་བསྟན་དོན། འཇར་མན་ནི་ཀྲུང་གོའི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོ་ཡིན་ལ། ཀྲུང་གོ་ཕྱོགས་ཀྱིས་འཇར་མན་བར་གྱི་འབྲེལ་བར་མཐོང་ཆེན་ཚད་མཐོན་པོ་བྱེད་བཞིན་ཡོད། ཐེངས་འདིའི་འཚམས་འདྲིའི་སྐབས་སུ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྱེད་དང་མཇལ་འཕྲད་གནང་བ་རེད། དེང་སྐབས་འཛམ་གླིང་དཔལ་འབྱོར་མར་འགྲིབ་པའི་གནོན་ཤུགས་དང་འཕྲད་ཡོད་པར་མ་ཟད། སྲུང་སྐྱོབ་རིང་ལུགས་དང་ཕྱོགས་གཅིག་རིང་ལུགས་ཀྱི་འགོ་བོ་མུ་མཐུད་ནས་འབུས་བཞིན་ཡོད། དེ་བས་ཀྲུང་གོ་དང་འཇར་མན་བར་གྱི་འཐབ་ཇུས་སྦྲེལ་མཐུད་དང་མཉམ་ལས་ཇེ་དྲག་ཏུ་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བདེ་ཐང་དང་གཏན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བ་རྒྱུན་འཁྱོངས་བྱེད་རྒྱུ་ནི། ཀྲུང་གོ་དང་ཡོ་རོབ་གླིང་བར་གྱི་འབྲེལ་བར་ཡར་སྐུལ་གཏོང་བར་ཕན་ཐོག་ཡོད་པར་མ་ཟད། འཛམ་གླིང་གི་ཞི་བདེ་གཏན་འཇགས་དང་དར་རྒྱས་གོང་འཕེལ་ལའང་ཕན་པ་ཡོད་ཟེར།

མའོ་ཁི་ཨར་གྱིས་བསྟན་དོན། ང་རང་འཇར་མན་གྱི་ཙུང་ལི་ཡིན་པའི་ཆ་ནས་ཐེངས་བཅུ་གཉིས་པར་ཀྲུང་གོར་འཚམས་འདྲི་བྱེད་དུ་ཡོང་ཐུབ་པར་དགའ་སྤྲོ་ཆེན་པོ་སྐྱེས་ཡོད། ཀྲུང་གོས་འདས་ཟིན་པའི་ལོ་ངོ་བཅུའི་ནང་དུ་བླངས་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཆེན་པོ་དང་། ལྷག་པར་དུ་འཛམ་གླིང་ཉོ་ཚོང་རྩ་འཛུགས་ནང་ཞུགས་རྗེས་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་བར་གྱི་ཉོ་ཚོང་འགྲོ་འོང་ཇེ་དམ་དུ་བཏང་ནས་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱས། ཉིས་སྟོང་བརྒྱད་ལོར་བྱུང་བའི་འཛམ་གླིང་དངུལ་ལོར་ཉམས་ཉེན་ཁྲོད་དུ་ཀྲུང་གོས་ཧ་ཅང་འགན་ཁུར་བའི་རྣམ་འགྱུར་བཅངས་ནས་འཛམ་གླིང་ཡོངས་ལ་བྱས་རྗེས་ཆེན་པོ་བཞག་པ་དང་། འཛམ་གླིང་གི་དཔལ་འབྱོར་སླར་གསོ་འཕར་སྣོན་ཡོང་བ་མངོན་འགྱུར་བྱེད་པར་སྐུལ་འདེད་བཏང་བ་རེད། རྒྱལ་ཁབ་གཞན་དག་དང་འདྲ་བར་ཀྲུང་གོ་རྒྱལ་ཁབ་ལའང་འདྲ་མཉམ་ཡིན་པའི་འཕེལ་རྒྱས་ཀྱི་དབང་ཆ་ཡོད་པ་དང་། ཀྲུང་གོའི་འཕེལ་རྒྱས་བརྒྱུད་རིམ་ལ་བཀག་འགོག་ཐེབས་མི་སྲིད། ཀྲུང་གོ་མི་དམངས་ཀྱིས་འཚོ་བ་སྐྱིད་པོ་རོལ་ཐུབ་པ་དེ་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་ཁེ་ཕན་དང་ཡང་མཐུན་ཟེར།

ཕྱོགས་གཉིས་ཀྱིས་ད་དུང་ཐུན་མོང་གིས་སེམས་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་ནས་ལྟ་ཚུལ་བརྗེ་རེ་བྱས། གྲོས་མོལ་གྱི་རྗེས་སུ་ལི་ཁི་ཆང་དང་མའོ་ཁི་ཨར་གཉིས་ཀྱིས་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་བཀོད་པར་མཉམ་དུ་བདེན་དཔང་བྱས།

གྲོས་མོལ་གྱི་སྔོན་ལ་ལི་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་ཐང་ཆེན་ནས་མའོ་ཁི་ཨར་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས།

རྒྱལ་སྲིད་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་གི་འགན་འཁུར་མཁན་ཝང་དབྱི་དང་རྒྱལ་ཡོངས་སྲིད་གྲོས་ཀྲུའུ་ཞི་གཞོན་པ་ཝན་ཀང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཧི་ལི་ཧྥིན་སོགས་འབྲེལ་ཡོད་བྱ་འགུལ་ལ་ཞུགས། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།