ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་རྒྱལ་ཡོངས་སྟོན་དགུན་དུས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་མེ་འགོག་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཐད་ནས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་ཀྱི་སྟོན་དགུན་དུས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་མེ་འགོག་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཟླ་དགུ་བའི་ཚེས་དྲུག་ཉིན་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་།

མཆན་བཀོད་མཛུབ་སྟོན་ལས་བསྟན་དོན། ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་བྱ་བ་དེ་ཧ་ཅང་གལ་ཆེ། མིག་སྔར། རྒྱལ་ཡོངས་ཀྱི་ས་ཁུལ་མང་ཆེ་ཤས་འཕྲོ་རིམ་འཕྲོར་སྟོན་དགུན་དུས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་དུས་སྐབས་སུ་སླེབས་ཡོད་ལ། འབྲེལ་ཡོད་སྡེ་ཁག་དང་ས་གནས་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་མོ་བྱེད་པ། ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་བྱ་བ་དེ་སྔར་ལས་འབུར་ཐོན་གྱི་གོ་གནས་སུ་འཇོག་པ། སྔོན་འགོག་གཙོ་བྱས་པ་དང་འགོག་གསོད་ཟུང་འབྲེལ་བྱེད་པ། ཕན་མཐོ་གསོད་སྐྱོབ་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ། ཕྱོགས་སོ་སོའི་འགན་འཁྲི་གཏན་ཁེལ་གསལ་བོ་བྱས་ཏེ། ཕྱོགས་བསྡུས་ཚོད་འགོག་ནུས་པ་ཁྱོན་ཡོངས་ནས་མཐོར་འདེགས་གཏོང་དགོས། འགོག་གསོད་ལས་ཁུངས་དང་དཔུང་སྡེ་འཛུགས་སྐྲུན་ལ་སྔར་ལས་ཤུགས་སྣོན་པ་དང་། མེ་འགོག་མེ་གསོད་སློབ་གསོ་དང་མེ་ཁུངས་དོ་དམ་ཚོད་འཛིན། ཉེན་ཁ་བཅོས་སྐྱོང་། མེ་འགོག་སྒྲིག་ཆས་འཛུགས་སྐྲུན་སོགས་རྨང་གཞི་བྱ་བ་བཟང་བོར་བསྒྲུབ་པ། ལྟ་ཞིབ་ཚད་ལེན་དང་སྔོན་བརྡར་ཤུགས་སྣོན་པ། འཕྲལ་བསྟུན་མྱུར་སྐྱོབ་མ་ལག་འཐུས་ཚང་དུ་བཏང་ནས། བདེ་འཇགས་ལྕགས་རི་བརྟན་པོ་འཛུགས་དགོས། བཀོད་འདོམས་མ་ལག་དང་མཐུན་སྦྱོར་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཚན་རིག་དང་མཐུན་པའི་བཀོད་འདོམས་ལ་ཤུགས་སྣོན་པ། སྟོབས་ཤུགས་བཀོད་སྒྲིག་ལེགས་བསྒྱུར་བྱེད་པ། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ཆེན་པོ་འབྱུང་བར་མཐའ་གཅིག་ཏུ་སྔོན་འགོག་བྱས་ཏེ། སྟོབས་ཤུགས་དང་ཕན་འབྲས་ལྡན་པའི་སྒོ་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས་ཟེར།

རྒྱལ་སྲིད་ཨུ་ཡོན། རྒྱལ་ཁབ་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་བཀོད་འདོམས་པུའུ་ཡི་སྤྱིའི་བཀོད་འདོམས་པ་ཝང་ཡུང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།