ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གིས་ཅང་ཤིས་སུ་ཆོས་ལུགས་ལས་དོན་ལ་བརྟག་ཞིབ་གནང་བ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-09-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༡.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཅང་ཤིས་སུ་ཆོས་ལུགས་ལས་དོན་ལ་བརྟག་ཞིབ་གནང་བ་རེད། ཁོང་གིས་ཆོས་ལུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་ནན་ཏན་གྱིས་གོ་བ་གཏིང་ཟབ་ལེན་པ་དང་། ཏང་གིས་ཆོས་ལུགས་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་ཏན་ཏིག་རྒྱག་པ། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། ལས་ཀའི་ཉམས་མྱོང་དུས་ཐོག་ཏུ་ཕྱོགས་སྡོམ་བྱེད་པ། ཞན་ཆ་དང་མི་འདང་ས་གང་མགྱོགས་གསབ་པ། ཕུགས་ཕན་ལམ་སྲོལ་འཛུགས་སྐྱོང་ཧུར་ཐག་བྱེད་པ་བཅས་ཀྱི་ཐོག་ནས་ཆོས་ལུགས་ཁྱབ་ཁོངས་ཀྱི་ཞི་མཐུན་བརྟན་ལྷིང་གི་རྣམ་པ་བཟང་པོ་སྲུང་སྐྱོང་བྱེད་དགོས་པའི་ནན་བཤད་གནང་བ་རེད།

༢.jpg

ཚེས9ཉིན་དང་ཚེས10ཉིན་ཝང་དབྱང་སྔ་རྗེས་སུ་ཧྥུའུ་ཀྲོའུ་དང་ནན་ཁྲང་སོགས་སུ་ཕེབས་ཏེ་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དུ་གནས་ཚུལ་མཁྱེན་རྟོགས་གནང་བ་དང་། ཆོས་ལུགས་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ། འབྲེལ་ཡོད་ཕྱོགས་ཁག་གི་བསམ་འཆར་དང་གྲོས་འགོ་གསན་པ་རེད། ཝང་དབྱང་གིས་ཅང་ཤིས་ཀྱི་ཆོས་ལུགས་ལས་དོན་ཐད་ཀྱི་འབྲེལ་ཡོད་བྱ་ཐབས་དང་ཕན་འབྲས་དངོས་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་ཆོས་ལུགས་ལས་དོན་ཡག་པོ་བསྒྲུབ་པར་དེང་གི་ཆོས་ལུགས་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱ་རྒྱུར་གཞི་ཚུགས་དགོས་ལ། མིག་རྒྱང་རིང་པོའི་ཐོག་ནས་རྨང་གཞི་འདིང་བ་དང་། རྩ་བ་དོ་དམ། ཕུགས་ལ་ཕན་པ་བཅས་ཀྱི་ལས་དོན་ཡང་མང་ཙམ་སྒྲུབ་དགོས་པ་དང་། ཆོས་ལུགས་ལས་དོན་དེ་རིམ་ཁག་ཏང་ཨུད་ཀྱི་ཉིན་རེའི་གྲོས་རིམ་གལ་ཆེན་ནང་བཅུག་ནས་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་ལས་ཀའི་འགན་འཁྲི་དོན་འཁྱོལ་བྱས་ཏེ་ཆོས་ལུགས་ལས་དོན་ལ་དམ་འཛིན་བྱེད་མཁན་ཡོད་པ་དང་། སྒྲུབ་མཁན་ཡོད་པ། ཡག་པོ་སྒྲུབ་ཐུབ་པ་བཅས་ཀྱི་འགན་ལེན་བྱེད་དགོས། ལས་བྱེད་པའི་སློབ་གསོ་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་སྟེ་རིམ་ཁག་ལས་བྱེད་པ་དང་ལྷག་དོན་དུ་འགོ་ཁྲིད་ལས་བྱེད་པ་གཙོ་བོས་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་ཆོས་ལུགས་ལས་དོན་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གསལ་པོ་ཐུབ་པ་དང་།ཆོས་ལུགས་ལས་དོན་ཡག་པོ་སྒྲུབ་པའི་གཞི་རྩའི་སྲིད་ཇུས་ཁོང་དུ་ཆུད་པ། ལམ་ལུགས་ཅན་གྱི་ལས་ཀའི་བྱ་ཐབས་བཟོ་བ་བཅས་བྱས་ནས་དོ་དམ་བྱེད་མི་འདོད་པ་དང་། དོ་དམ་བྱེད་མི་ནུས་པ། དོ་དམ་བྱེད་མི་ཤེས་པ་སོགས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་དགོས། ཏང་གི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། མང་ཚོགས་ཀྱི་དངོས་ཡོད་དཀའ་ངལ་སེལ་རོགས་བྱེད་པའི་འགན་སེམས་དང་ནུས་པ་ཆེ་རུ་གཏོང་བ། ཏང་གི་ཆོས་ལུགས་ལས་དོན་གྱི་བྱེད་ཕྱོགས་སྲིད་ཇུས་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ་བཅས་ཀྱི་ཐོག་ནས། མང་ཚོགས་ཀྱིས་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་ཏེ་རང་རྟོགས་ངང་ཁྲིམས་འགལ་སྒྲིག་འགལ་གྱི་ཆོས་ལུགས་བྱེད་སྒོ་སྣ་ཚོགས་གཏན་འགོག་བྱ་རྒྱུའི་ཁྲིད་སྟོན་བྱེད་དགོས། ཆོས་ལུགས་ཀྱི་ལས་དོན་མི་སྣ་དོ་དམ་ཐད་ཀྱི་སྲིད་ཇུས་དང་ཁྲིམས་སྲོལ་དོན་འཁྱོལ་ནན་ཏན་བྱེད་པ་དང་། ཆོས་ལུགས་ལས་རིགས་ཀྱིས་དོན་དངོས་དང་ཟུང་འབྲེལ་གྱིས་ནང་ཁུལ་གྱི་དོ་དམ་ལམ་ལུགས་དང་ཚད་གཞི་འཐུས་སྒོ་ཚང་དུ་གཏོང་བར་རྒྱབ་སྐྱོར་བྱས་ནས། ཆོས་ཕྱོགས་ཀྱི་མི་སྣས་འདུལ་ཁྲིམས་གཙང་མ་སྐྱོང་བ་དང་ཐོས་བསམ་ལ་རྩེ་གཅིག་ཏུ་གཞོལ་རྒྱུའི་ཁྲིད་སྟོན་བྱེད་དགོས། ཤེས་ལྡན་པ་གསོ་སྐྱོང་ཁྲོད་ཀྱི་ཆོས་ལུགས་སློབ་གླིང་གི་ཐབས་ལམ་གཙོ་བོ་དང་འཐབ་ས་གཙོ་བོའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ལོ་ན་གཞོན་པའི་ཆོས་ཕྱོགས་མི་སྣ་གསོ་སྐྱོང་དང་ད་ཡོད་ཀྱི་ཆོས་ལུགས་ཀྱི་ལས་དོན་མི་སྣ་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ། ཆོས་ཕྱོགས་མི་སྣར་ནུས་པ་འདོན་པའི་ལས་སྟེགས་ཧུར་ཐག་གཏོད་པ་དང་ཐབས་ལམ་ཤར་བགྲོད་བྱེད་པ་བཅས་བརྒྱུད། ཆབ་སྲིད་ཐད་བློས་འཁེལ་བ་དང་། ཆོས་ལུགས་ཐད་ཐོས་བསམ་ཟབ་པ། སྤྱོད་ལམ་ཐད་དམངས་མགུ་བ། འགག་རྩའི་དུས་ནུས་པ་ཐོན་པ་བཅས་ཀྱི་ཆོས་ལུགས་ཀྱི་ལས་དོན་མི་སྣའི་དཔུང་ཁག་ཅིག་གཏོད་དགོས་པའི་ནན་བཤད་གནང་བ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།