ཀྲུང་གོ་བོད་ཀྱི་དྲ་བ།

ཟླ་མཆོད་དུས་ཆེན་གྱི་གུང་གསེང་ཉིན་དང་པོར་པེ་ཅིང་སྤྱི་གླིང་གིས་ཡུལ་སྐོར་བ་མི་ཐེངས་ཁྲི30ལྷག་ཙམ་ལ་སྣེ་ལེན་ཞུས་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-09-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  གསར་འགོད་པར་པེ་ཅིང་གྲོང་ཁྱེར་སྤྱི་གླིང་དོ་དམ་ལྟེ་གནས་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་མཆོད་དུས་ཆེན་གྱི་གུང་གསེང་རིང་། པེ་ཅིང་གྲོང་ཁྱེར་ཁོངས་གཏོགས་ཀྱི་སྤྱི་གླིང11དང་ཀྲུང་གོ་སྐྱེད་ཚལ་དངོས་མང་བཤམས་སྟོན་ཁང་གིས་ཡུལ་སྐོར་བ་ཚོར་རིགས་ཆེ་གྲས4ཡི་བརྗོད་དོན་གཙོ་བོའི་སྤྲོ་གསེང་གླིང་ཁའི་བྱེད་སྒོ་ཁག50གྲ་སྒྲིག་བྱས་ཡོད། གུང་གསེང་གི་ཉིན་དང་པོར་གྲོང་ཁྱེར་ཁོངས་གཏོགས་སྤྱི་གླིང་གིས་ཁྱོན་ཡུལ་སྐོར་བ་མི་ཐེངས་ཁྲི30.2ལ་སྣེ་ལེན་ཞུས་ཤིང་། ཕུན་སུམ་ཚོགས་པའི་སྤྲོ་གསེང་གླིང་ཁའི་བྱེད་སྒོས་ཡུལ་སྐོར་བ་མང་པོ་ཞིག་གི་ཡིད་དབང་བཀུག་སྟེ་སྐྱེད་ཚལ་མཛེས་ལྗོངས་སུ་མཉམ་དུ་ཟླ་མཆོད་དུས་ཆེན་དགའ་གཏོང་བྱས་པ་རེད།

པེ་ཅིང་གྲོང་ཁྱེར་སྤྱི་གླིང་དོ་དམ་ལྟེ་གནས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། འདི་ལོ་སྤྱི་གླིང་ཆེ་གྲས་ཁག་གི་ཟླ་མཆོད་དུས་ཆེན་གྱི་མྱོང་རོལ་བྱེད་སྒོ་ཧ་ཅང་ཕུན་སུམ་ཚོགས་པས་ཟླ་མཆོད་དུས་ཆེན་ཀྱི་སྤྲོ་གསེང་གླིང་ཁའི་བྱེད་སྒོའི་གྲངས་འབོར་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཅིང་། དེར་སྲོལ་རྒྱུན་གྱི་རོལ་དབྱངས་དང་མེ་ཏོག་ལ་མྱོང་རོལ་བྱེད་པའི་བྱེད་སྒོ་ཡོད་ལ། རིག་གནས་དང་། ཚན་རིག་ཁྱབ་གདལ། རིག་གནས་བསམ་བཀོད་རིགས་ཀྱི་མཉམ་འགུལ་བྱེད་སྒོའང་ཡོད་པས། ཁྱིམ་ཚང་མང་པོ་ཞིག་དེ་གར་དུས་ཆེན་གཏོང་བར་ཡོང་ཡོད་པ་རེད།

ཟླ་མཆོད་དུས་ཆེན་གྱི་མཚན་མོར། དབྱི་ཧོ་ཡོན་སྤྱི་གླིང་དུ་མཚན་ལྗོངས་གློག་སྒྲོན་སྤར་བས། ཡུལ་སྐོར་བས་ཟུར་བརྒྱད་ལྡིང་ཁང་དུ་ཅིང་ཅུས་ཟློས་གར་དང་ཁུན་ཧྲན་གྱི་ཁྲང་ཞིར་མྱོང་རོལ་བྱས་ཆོག་ལ། རགས་ཆེན་ཤར་མའི་འགྲམ་ངོགས་སུ་འཆམ་འཆམ་ལ་བསྐྱོད་དེ་དབྱི་ཧོ་ཡོན་སྤྱི་གླིང་གི་མཚོ་ཆུ་དྭངས་ཤིང་རི་བོ་སྔོ་བའི་དབེན་པའི་མཛེས་པར་ཡང་རོལ་ཆོག ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་དབྱི་ཧོ་ཡོན་སྤྱི་གླིང་གིས་ཆེད་མངགས་ཚོན་མདོག་སྣ་ལྔའི་ཕོ་བྲང་གི་ལྒང་བཞུ2000ལྷག་ཙམ་བསྒར་ཏེ། རགས་ཆེན་ཤར་མའི་འགྲམ་ངོགས་སུ་འོད་སྣང་གསལ་བར་བྱས་ནས། ཟླ་མཆོད་དུས་ཆེན་སྐབས་ལྒང་བཞུ་དང་ཟླ་བར་ལྟ་བའི་རྣམ་པ་ཡག་ཤོས་ཤིག་བཏོད་པར་ཡུལ་སྐོར་བ་མང་པོ་ཞིག་གི་ཡིད་དབང་བཀུག་ཡོད་པ་རེད།

གཞན་ཡང་། སྟོན་དུས་ཀྱི་མེ་ཏོག་ལ་ལྟ་བ་ནི་ཟླ་མཆོད་དུས་ཆེན་གུང་གསེང་གི་གདམ་ག་ཡག་པོ་ཞིག་རེད། འདི་ལོ་དབྱི་ཧོ་ཡོན་སྤྱི་གླིང་གིས་ཡུལ་སྐོར་བ་ཚོར་ཀུའེ་ཧྭ་མེ་ཏོག་བུམ་པ300དང་། མེ་ཏོག་སྐར་ཆུང་ཆེ་གྲས་གཞོང་པ20ལྷག་ཙམ། སྡོང་དུམ་ཆེ་གྲས་གཞོང་པ50ལྷག་ཙམ་བཅས་འགྲེམས་སྟོན་བྱས་པ་དང་། ཀྲུང་ཧྲན་སྤྱི་གླིང་གིས་ཁང་ནང་གི་མེ་ཏོག་རྩེ་གྲ་འགྲེམས་སྟོན་བྱས་ཏེ་མཛེས་སྡུག་རྣམ་པར་བཀྲ་བའི་མེ་ཏོག་བུམ་པ2000ལྷག་ཙམ་འགྲེམས་སྟོན་བྱས་པ་ལས་ཟླ་མཆོད་དུས་ཆེན་ལ་ལྟ་ན་སྡུག་པའི་མཛེས་རྒྱན་སྤྲས་ཡོད་པ་རེད།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།