ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཨུ་རུ་སིའི་ཙུང་ལི་དང་ལྷན་དུ་ཀྲུང་གོ་དང་ཨུ་རུ་སིའི་དུས་བཅད་ཐུག་འཕྲད་ཐེངས་ཉེར་བཞི་བར་འགོ་འཛིན་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ས་དེའི་ཚེས་བཅུ་བདུན་ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཨུ་རུ་སིའི་ཙུང་ལི་མེ་ཏི་ཝེ་ཅི་ཧྥུའུ་དང་ལྷན་དུ་ཧྲིན་པིས་ཏི་པའོ་ནས་ཀྲུང་གོ་དང་ཨུ་རུ་སིའི་དུས་བཅད་ཐུག་འཕྲད་ཐེངས་ཉེར་བཞི་བར་འགོ་འཛིན་མཛད།

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་དང་ཨུ་རུ་སི་གཉིས་ནི་ཁྱིམ་མཚེས་རྒྱལ་ཁབ་ཆེ་ཤོས་ཡིན་པའི་ཆ་ནས། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ཁུར་ལས་འཛིན་རྒྱལ་ཁབ་ཀྱང་ཡིན། ད་ལོ་ནི་ཀྲུང་གོ་དང་ཨུ་རུ་སིའི་བར་འབྲེལ་བ་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པའི་ལོ་ཡིན་ལ། ཕྱོགས་གཉིས་ཀས་ཕན་ཚུན་ལ་བརྩི་མཐོང་དང་འདྲ་མཉམ་གྱི་ལྟ་སྟངས་བཟུང་ནས། རོགས་རེས་གཉིས་རྒྱལ་གྱི་རྩ་དོན་བརྩི་སྲུང་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བརྟན་འཇགས་ཀྱི་ངང་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་བར་མ་ཟད། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བདེ་ཐང་ངང་འཕེལ་རྒྱས་འགྲོ་བཞིན་ཡོད། རྒྱལ་སྤྱིའི་ཆབ་སྲིད་དང་དཔལ་འབྱོར་གྱི་གནས་བབ་བརྟན་པོ་མེད་པའི་རྒྱུ་རྐྱེན་མང་ནས་མང་དུ་འགྲོ་བའི་རྒྱབ་ལྗོངས་འོག་ཏུ།  ཀྲུང་གོ་དང་ཨུ་རུ་སིས་འཐབ་ཇུས་མཉམ་ལས་ལ་ཤུགས་སྣོན་པ་དང་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ། དངོས་གཉེར་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་བྱེད་ཚད་སྔར་ལས་ཇེ་ཟབ་ཏུ་བཏང་བ་ཡིན་ན་དེ་ཕྱོགས་གཉི་གར་ཕན་པ་ཡོད་པར་མ་ཟད། ས་ཁུལ་བརྟན་སྲུང་དང་ཐ་ན་འཛམ་གླིང་གི་དར་རྒྱས་བརྟན་འཇགས་ལ་སྲུང་སྐྱོང་བྱེད་པར་དགེ་མཚན་ལྡན་པའི་བརྡ་མངོན་གསལ་བསྟན་ཡོད་ཟེར།

མེ་ཏི་ཝེ་ཅེ་ཧྥུའུ་ཡིས་བསྟན་དོན། ད་ལོ་ནི་ཨུ་རུ་སི་དང་ཀྲུང་གོའི་འབྲེལ་བའི་ངོས་ནས་བཤད་ན་ལོ་གལ་ཆེན་ཞིག་ཡིན་པ་དང་། ཀྲུང་གོས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་རྒྱུ་དང་ཨུ་རུ་སི་དང་ཀྲུང་གོའི་དབར་འབྲེལ་བ་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པར་བསུ་མ་ཞུ་རྒྱུ་རེད། ཨུ་རུ་སི་དང་ཀྲུང་གོ་ནི་མཛའ་མཐུན་ཁྱིམ་མཚེས་རྒྱལ་ཁབ་གལ་ཆེན་ཞིག་ཡིན་པ་དང་མིག་སྔར་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཆུ་ཚད་ཡག་ཤོས་སུ་སླེབས་པ་དང་འབྲེལ་དུས་རབས་གསར་པར་ཡང་སླེབས་ཡོད། རྒྱལ་ཁབ་གཉི་གའི་ས་གནས་དང་མཐོ་རིམ་སློབ་གྲྭ ན་གཞོན་བཅས་དབར་གྱི་སྤེལ་རེས་ལ་སྔར་ལས་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉི་གའི་འབྲེལ་བའི་དམངས་བློའི་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་འདོད་ཡོད་ཟེར།

རྒྱལ་ཁབ་གཉིས་ཀྱི་ཙུང་ལིས་ད་དུང་ཐུན་མོང་གིས་སེམས་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་ནས་དགོངས་འཆར་བརྗེ་རེས་མཛད།།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།