མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཧྥ་རན་སིའི་ཙུང་ཐུང་ཨོ་ལང་ཏི་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་ནས་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ50འཁོར་བར་རྟེན་འབྲེལ་ཞུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-27 11:24

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས27ཉིན་ཧྥ་རན་སིའི་ཙུང་ཐུང་ཨོ་ལང་ཏི་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་སྟེ། ཀྲུང་གོ་དང་ཧྥ་རན་སི་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ50འཁོར་བར་རྟེན་འབྲེལ་ཞུས།

ཞི་ཅིན་ཕེན་གྱིས་བསྟན་དོན། 1964ལོའི་ཟླ་དང་པོའི་ཚེས27ཉིན་ཀྲུའུ་ཞི་མའོ་ཙེ་ཏུང་དང་དམག་དཔོན་ཏེ་གོ་ལི་གཉིས་ཀྱིས་རྒྱལ་ཁབ་གཉིས་བར་འབྲེལ་བ་འཛུགས་པའི་ལོ་རྒྱུས་རང་བཞིན་གྱི་གཏན་འཁེལ་བཏོན་པ་དེས། ཀྲུང་གོ་དང་ཡོ་རོབ་གླིང་བར་གྱི་འབྲེལ་བའི་དུས་རབས་གསར་བའི་སྒོ་གླེགས་ཕྱེས་པར་མ་ཟད། དྲང་བདེན་དང་ཡིད་ཆེས། གཉིས་ཕན་མཉམ་རྒྱལ་བཅས་ཀྱི་རྒྱལ་སྤྱིའི་འབྲེལ་བའི་ལོ་རྒྱུས་གསར་བ་བྲིས། ཀྲུང་གོ་དང་ཧྥ་རན་སི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཡུན་རིང་བོར་སྐྱོན་བྲལ་བའི་ངང་ནས་གཏན་འཇགས་དང་འཕེལ་རྒྱས་སུ་གཏོང་བ་དེ་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པར་མ་ཟད། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལའང་ཕན་པ་ཆེན་པོ་ཡོད། བདག་གིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་མཐོང་ཆེན་ཚད་མཐོན་པོ་བྱེད་བཞིན་ཡོད་པ་དང་ཁྱེད་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཕྱོགས་གཉིས་བར་འབྲེལ་བ་བཙུགས་ནས་ལོ་འཁོར་ལྔ་བཅུ་ལོན་པ་མགོ་རྩོམ་སར་བརྩིས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ལོ་རྒྱུས་ཀྱི་མགོ་རྩོམ་ས་གསར་བའི་སྟེང་རྒྱུན་ཆད་མེད་པར་སྐས་རིམ་གསར་བ་ཞིག་ཏུ་བསླེབ་པར་ཡར་སྐུལ་གཏོང་འདོད་ཡོད་ཟེར།

ཨོ་ལང་ཏི་ཡིས་བསྟན་དོན། ཧྥ་རན་སིས་རྒྱལ་སྤྱི་དང་འཛམ་གླིང་རང་བཞིན་གྱི་གནད་དོན་སྟེང་ནས་ཀྲུང་གོའི་བར་མཐུན་སྦྱོར་བྱེད་པར་ཤུགས་བསྣན་ཏེ། འཛམ་གླིང་གི་སྣེ་མང་རང་བཞིན་ལ་མཉམ་དུ་སྲུང་སྐྱོང་བྱེད་པ་དང་ཉམས་ཉེན་སྣ་ཚོགས་དང་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་སྣ་ཚོགས་ཐུན་མོང་གིས་ཁ་གཏད་འཇལ་ནས་ཧྥ་རན་སི་དང་ཀྲུང་གོའི་འབྲེལ་བར་སྔར་ལས་སྐུལ་འདེད་གཏོང་འདོད་ཡོད་ཟེར།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག