མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གོ་དང་ཧྥ་རན་སིའི་བར་འབྲེལ་བ་བཙུགས་ནས་ལོ་འཁོར50ལོན་པའི་དགའ་སྟོན་རྟེན་འབྲེལ་གྱི་སྣེ་ལེན་ཚོགས་འདུ་མི་དམངས་ཚོགས་ཁང་ཆེན་མོའི་ནང་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-28 10:36

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་དང་ཧྥ་རན་སིའི་བར་ལ་འབྲེལ་བ་བཙུགས་ནས་ལོ་འཁོར50ལོན་པའི་དགའ་སྟོན་རྟེན་འབྲེལ་གྱི་སྣེ་ལེན་ཚོགས་འདུ་ཚེས27ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་བསྡུས། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་དང་ཧྥ་རན་སི་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་པ་ཨར་ཐོ་ལའོ་ཉི་གཉིས་སྣེ་ལེན་ཚོགས་འདུར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

ཀྲང་ཏི་ཅང་གིས་ཤིས་ཚིག་འབུལ་སྐབས་བསྟན་དོན། ལོ་ངོ50སྔོན་གྱི་དེ་རིང་ཀྲུང་གོ་དང་ཧྥ་རན་སི་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གིས་ཕན་ཚུན་བར་ཕྱི་འབྲེལ་བློན་ཆེན་དང་བཅས་པའི་ཕྱི་ཕྱོགས་འབྲེལ་བ་བཙུགས་པ་དངོས་སུ་ཁྱབ་བསྒྲགས་བྱས་པ་དང་། དེར་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་འགྲོ་འོང་ལོ་རྒྱུས་སྟེང་དུ་ལམ་ཚད་རྡོ་རེང་ལྟ་བུའི་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན། ཀྲུང་གོ་དང་ཧྥ་རན་སི་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་བར་འབྲེལ་བ་བཙུགས་ནས་རླབས་ཆེ་བའི་རྒྱལ་ཁབ་གཉིས་ཀྱི་བར་མཛའ་མཐུན་འབྲེལ་བའི་རྣམ་པ་གསར་བ་ཞིག་བསྐྲུན་པ་དེས། སྤྱི་ཚོགས་ཀྱི་ལམ་ལུགས་མི་འདྲ་བའི་རྒྱལ་ཁབ་བར་དུ་ཞི་བདེ་མཉམ་གནས་ཀྱི་དཔེ་སྟོན་གསར་བ་ཞིག་བཙུགས་ཏེ། རྒྱལ་སྤྱིའི་འཐབ་ཕྱོགས་ཀྱི་རིམ་པ་སོ་སོའི་ཁྲོད་དུ་ཆེས་གལ་ཆེ་བ་དང་གཏིང་ཟབ་པའི་ཤུགས་རྐྱེན་ཐེབས་ཡོད་ཟེར།

ཀྲང་ཏི་ཅང་གིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཀྱི་ལོ་རྒྱུས་བརྒྱུད་རིམ་ལ་ཕྱིར་དྲན་བྱེད་སྐབས་བསྟན་དོན། ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་དང་ནུབ་ཕྱོགས་རྒྱལ་ཁབ་ཀྱི་འབྲེལ་བའི་མདུན་གྲལ་དུ་བསྐྱོད་ཡོད་པ་དང་། ཀྲུང་གོ་དང་ནུབ་ཕྱོགས་རྒྱལ་ཁབ་ཀྱི་འབྲེལ་བའི་ཁྲོད་དུ་ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་ནི་ཨང་དང་པོ་ཡིན་པ་དེས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཐབ་ཇུས་རང་བཞིན་དང་དུས་རབས་རང་བཞིན། འཛམ་གླིང་རང་བཞིན་བཅས་གཅིག་གྱུར་གྱི་སྒོ་ནས་མཚོན་པར་བྱས་ཡོད། ལོ་ངོ་ལྔ་བཅུའི་རིང་ལ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཐད་ནས་གྲུབ་འབྲས་ཆེན་པོ་བླངས་ཡོད་པར་མ་ཟད་ཉམས་མྱོང་རྩ་ཆེན་བསགས་ཡོད་ལ། དེ་ནི་ཕན་ཚུན་ཡིད་ཆེས་བྱེད་པའི་ཆབ་སྲིད་ཀྱི་རྨང་གཞིའི་སྟེང་བཙུགས་པ་ཞིག་ཡིན་པས་ང་ཚོ་ཕྱོགས་གཉིས་ཀྱིས་ཐོབ་པར་དཀའ་བའི་ཉམས་མྱོང་དང་གྲུབ་འབྲས་ལ་ལྡབ་འགྱུར་གྱིས་གཅེས་སྤྲས་དང་སྲུང་སྐྱོང་། ཡུན་རིང་དར་རྒྱས་བཅས་སུ་གཏོང་དགོས་ཟེར།

ཀྲང་ཏི་ཅང་གིས་བསྟན་དོན། ཀྲུང་གོ་དང་ཧྥ་རན་སི་རྒྱལ་ཁབ་གཉིས་ཀྱིས་རྒྱལ་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་གཏིང་ཟབ་ཏུ་གཏོང་རྒྱུ་དེ་གོ་སྐབས་གསར་བར་འཕྲད་ཡོད། ཀྲུའུ་ཞི་ཞི་ཅིན་ཕེན་དང་ཙུང་ཐུང་ཨོ་ལང་ཏི་གཉིས་ཀྱིས་གྲོས་མོལ་མཛད་སྐབས་བསྟན་པའི་མཛུབ་སྟོན་ལྟར་དུ་གནས་བབ་གསར་བའི་འོག་ཏུ་རྒྱལ་ཁབ་གཉིས་ཀྱིས་མུ་མཐུད་དུ་འཐབ་ཇུས་མཉམ་ལས་ཀྱི་གྲོགས་པོའི་འབྲེལ་བ་ལེགས་འཛིན་བྱེད་པ་དང་། ཕན་ཚུན་ལ་རྒྱབ་སྐྱོར་དང་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་མུ་མཐུད་དུ་ཆབ་སྲིད་ཀྱི་ལམ་ལུགས་མི་འདྲ་བ་དང་རིག་གནས་གོམས་སྲོལ་མི་འདྲ་བའི་རྒྱལ་ཁབ་ཀྱི་མཉམ་ལས་མཉམ་རྒྱལ་གྱི་བགྲོད་ལམ་དུ་བསྐྱོད་དགོས་ཟེར།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག