མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

པེ་ཅིང་དང་ཐན་ཅིང་ཧོ་པེ་བཅས་ཀྱིས་གཞི་གཅིག་ཅན་གྱི་འགྲིམ་འགྲུལ་དྲ་བ་བསྐྲུན་རྒྱུ་ཡིན་པ།

རྩོམ་པ་པོ། མིག་དམར་རྒྱལ་པོ།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-04-20 10:36

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལོ་འདིར་པེ་ཅིང་དང་། ཐན་ཅིན། ཧོ་པེ་བཅས་ས་ཁུལ་གསུམ་གྱིས་གང་མགྱོགས་གཞི་གཅིག་ཅན་གྱི་འགྲིམ་འགྲུལ་དྲ་བ་བསྐྲུན་ནས། པེ་ཅིང་དང་། ཐན་ཅིན། ཧོ་པེ་བཅས་ས་ཁུལ་གསུམ་གྱི་རོགས་ལས་གོང་འཕེལ་ཐད་སྒུལ་ཤུགས་གསར་པ་སྣོན་རྒྱུ་རེད། དེ་སྔའི་འཆར་འགོད་ལས་དུས་དང་འཛུགས་བསྐྲུན་ཚད་གཞི་མི་འདྲ་བའི་དབང་གིས། པེ་ཉིན་ཉེ་འཁོར་གྱི་པེ་ཅིན་ནས་ཁུན་མིང་བར་དང་། པེ་ཅིན་ནས་ཐའེ་པེ་བར། པེ་ཅིན་ནས་ཆིན་ཧོང་ཏའོ་བར་སོགས་ཀྱི་མྱུར་བགྲོད་གཞུང་ལམ་དྲུག་དང་ཞིང་ཆེན་ལམ་བུ་ཨ་མ་བརྒྱད་ནི་ལམ་བུ་མགོ་ཆད་ཤ་སྟག་ཡིན་པ་རེད།

མགོ་ཆད་ལམ་བུ་ཤར་གཏོང་བྱ་དགོས་པ་ཙམ་མ་ཟད། པེ་ཅིན་གྱི་བསྐོར་ལམ་བདུན་པ་ཞེས་གྲགས་པའི་ཕྱི་ལམ་གཙོ་བོ་དེ་ཡང་གང་མགྱོགས་འཛུགས་སྐྲུན་བྱེད་དགོས་ཀྱི་ཡོད། སྤྱིའི་རིང་ཚད་ལ་སྤྱི་ལེ940ཡོད་པའི་བསྐོར་ལམ་ཕྱི་མའི་ལམ་བུའི་་སྤྱི་ལེ850ཙམ་ཧོ་པེར་འཛུགས་བསྐྲུན་བྱེད་བཞིན་ཡོད་པ་དང་། དེས་པེ་ཅིན་ནས་ཀྲང་ཅ་ཅེ་དང་། པེ་ཅིན་ནས་ཧྲེན་ཡང་། པེ་ཅིན་ནས་ཧྲང་ཧེ། པེ་ཅིན་ནས་ཐའེ་པེ། ཏ་ལན་ནས་ཀྲོང་ཀྲའུ། པེ་ཅིན་ནས་ཀྲུའུ་ཧའི་བར་སོགས་ཀྱི་མྱུར་བགྲོད་གཞུང་ལམ་གྱི་དྲ་བ་སྦྲེལ་བས། བསྐོར་ལམ་གཅིག་ཕྱོགས་དྲུག་ལ་འགྱེད་པའི་མྱུར་བགྲོད་གཞུང་ལམ་གྱི་དྲ་བ་ཞིག་གྲུབ་རྒྱུ་དང་། དེས་པེ་ཅིན་གྱི་འགྲིམ་འགྲུལ་གནོན་ཤུགས་ཞི་ལྷོད་དུ་གཏོང་རྒྱུ་ཡིན་ལ། ད་དུང་པེ་ཅིན་ཉེ་འཁོར་གྱི་གྲོང་ཁྱེར་ཁག་གི་འབྲེལ་བ་ཡང་དེ་བས་ཟབ་ཏུ་གཏོང་རྒྱུ་རེད།

ད་ལྟ་འཛུགས་སྐྲུན་བྱེད་མུས་ཡིན་པའི་ཧོ་པེ་སྤའོ་ཏིང་ནས་ཐན་ཅིན་བར་གྱི་ཅིན་སྦའོ་མྱུར་བགྲོད་ལྕགས་ལམ་སྔོན་དཔག་བྱས་ན་སང་ལོ་ཤར་གཏོང་ཐུབ་རྒྱུ་དང་། པེ་ཅིན་དང་། ཐན་ཅིན། སྦའོ་ཏིང་བཅས་ཀྱི་དུས་ཡུན་ཆུ་ཚོད་ཕྱེད་ཀའི་མྱུར་བགྲོད་ལྕགས་ལམ་གྱི་དྲ་བ་གྲུབ་རྒྱུ་དང་། ཧྲེ་ཅ་ཀྲོང་ནས་ཐན་ཅིན་བར་གྱི་འགྲུལ་བཞུད་དུས་ཚོད་ཀྱང་མིག་སྔའི་ཆུ་ཚོད་བཞི་ཙམ་ནས་ཆུ་ཚོད་གཅིག་གི་གཡས་གཡོན་བར་ཐུང་དུ་འགྲོ་རྒྱུ་རེད།

རྒྱལ་སའི་གནམ་ཐང་གསར་པ་པེ་ཅིན་དང་ཧོ་པེའི་སྦྲེལ་མཚམས་སུ་བསྐྲུན་རྗེས། ཐན་ཅིན་གནམ་གྲུ་ཐང་ཡང་པེ་ཅིན་དང་སྦྲེལ་བར་འགྱུར་རྒྱུ་རེད། ཉིན་ཤས་གོང་མྱུར་བགྲོད་ལྕགས་ལམ་པེ་ཅིན་འབབ་ཚིགས་ནུབ་མར་ཐན་ཅིན་གནམ་ཐང་གི་གནམ་གྲུ་སྒུག་སྡོད་ཁང་གཅིག་གསར་དུ་ཐོན་པ་དང་། འགྲུལ་པ་རྣམས་ནས་དེ་ནས་ཐན་ཅིན་གནམ་ཐང་གི་གནམ་གྲུར་ཞུགས་པའི་འགྲོ་ལུགས་གཉེར་ཆོག་གི་ཡོད་པ་རེད།

འགྲིམ་འགྲུལ་དྲ་བ་ཉེ་བར་སྦྲེལ་བ་དེས་ས་ཁུལ་གསུམ་གྱི་ཡུལ་སྐོར་མཉམ་ལས་འབྲེལ་བ་ཐག་ཉེ་རུ་ཕྱིན་ཡོད་པ་རེད། ལོ་གསུམ་གོང་པེ་ཅིང་དང་། ཐན་ཅིན། ཧོ་པེ་བཅས་ཀྱི་ཡུལ་སྐོར་སྡེ་ཁག་གིས་མཉམ་དུ་བཏོན་པའི་མཉམ་སྤྱོད་ཁཱ་ཤོག་དེ་ད་ལོ་སླར་ཡང་སྤྱོད་གོ་ཆེ་རུ་གཏོང་རྒྱུ་སྟེ། ཡུལ་སྐོར་བ་རྣམས་ནས་ཁཱ་དེ་ཁྱེར་ན་ས་ཁུལ་གསུམ་པོ་དེའི་ཡུལ་སྐོར་གནས་མཆོག་བརྒྱ་ལྷག་ཙམ་བསྐོར་ཆོག་པ་དང་། ཚོང་དུས་སྟོང་ཕྲག་གཅིག་ལ་ཉེ་བར་སྡེབ་ཉོའི་གཟིགས་སྐྱོང་ལོངས་སྤྱོད་ཐུབ་རྒྱུ་རེད། མིག་སྔར་སྒྲིག་བཟོ་བྱེད་མུས་ཡིན་པའི་པེ་ཅིང་དང་། ཐན་ཅིན། ཧོ་པེ་བཅས་ཀྱི་འགྲིམ་འགྲུལ་གཞི་ཅིག་ཅན་གྱི་ཇུས་གཞི་ལས་གསལ་བར། སྤྱི་ལོ2020ལོར་པེ་ཅིང་། ཐན་ཅིན། ཧོ་པེ་བཅས་སུ་སྤྱི་ལེ9000ཟིན་པའི་མྱུར་བགྲོད་གཞུང་ལམ་དྲ་བ་དང་གྲོང་ཁྱེར་གཙོ་བོའི་བར་གྱི་ཆུ་ཚོད་གསུམ་གྱི་འགྲིམ་འགྲུལ་དྲ་བ། སྤྱི་ལེ9500ཟིན་པའི་ལྕགས་ལམ་དྲ་བ་དང་གྲོང་ཁྱེར་གཙོ་བོའི་བར་ཆུ་ཚོད་གཅིག་ལ་སླེབས་པའི་མྱུར་བགྲོད་ལྕགས་ལམ་དྲ་བ་གྲུབ་རྒྱུ་དང་། རྒྱལ་སའི་གནམ་ཐང་གི་འགྲུལ་བཞུད་མིའི་ཐེངས་གྲངས་དུང་ཕྱུར་གཅིག་ལས་བརྒལ་རྒྱུ་དང་། རྒྱལ་སའི་གནམ་ཐང་གསར་པའི་དུས་རིམ་དང་པོའི་ལས་གཞི་ལེགས་གྲུབ་ཟིན་ནས་བེད་སྤྱོད་གཏོང་འགོ་ཚུགས་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག