མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་སྐབས་གསར་བའི་རྒྱལ་ཁབ་ནུས་ཁུངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-21 10:50

ཟླ4བའི་ཚེས18ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་ནས་མགོ་འཛིན་མཛད་དེ་སྐབས་གསར་བའི་རྒྱལ་ཁབ་ནུས་ཁུངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་བསྡུས།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4བའི་ཚེས18ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་ནས་མགོ་འཛིན་མཛད་དེ་སྐབས་གསར་བའི་རྒྱལ་ཁབ་ནུས་ཁུངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་བསྡུས་ནས། ནུས་ཁུངས་འཕེལ་རྒྱས་ཁྲོད་ཀྱི་འབྲེལ་ཡོད་འཐབ་ཇུས་གནོད་དོན་དང་ལས་གཞི་གལ་ཆེན་ལ་ཞིབ་འཇུག་དང་གྲོས་བསྡུར་བྱས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་གྲོས་ཚོགས་སུ་ཞུགས།

ལིས་ཁི་ཆང་གིས་གསུངས་རྒྱུར། ནུས་ཁུངས་ནི་དེང་རབས་ཀྱི་རྨང་གཞི་དང་སྒུལ་ཤུགས་ཡིན། དེང་སྐབས་འཛམ་གླིང་གི་ཆབ་སྲིད་དང་དཔལ་འབྱོར་གྱི་རྣམ་པ་ལེགས་སྒྲིག་གཏིང་ཟབ་བྱས་ནས། ནུས་ཁུངས་འདོན་སྤྲོད་ཀྱི་འབྲེལ་བར་འགྱུར་ལྡོན་ཆེན་པོ་འབྱུང་བཞིན་ཡོད། ནུས་ཁུངས་ནི་རྒྱལ་སྤྱིའི་ཆབ་སྲིད་དང་དངུལ་ལོར། བདེ་འཇགས་བཅས་ཀྱི་ཕྱོགས་གཙོ་བོ་ཡིན་ལ། ནུས་ཁུངས་འདོན་སྤྲོད་དང་བདེ་འཇགས་ནི་རང་རྒྱལ་གྱི་དེང་རབས་ཅན་འཛུགས་སྐྲུན་གྱི་ཁྱོན་ཡོངས་དང་འབྲེལ་བ་ཡོད་པས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཐབ་ཇུས་དང་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། འཕེལ་རྒྱས་ནི་ལས་འགན་དང་པོ་ཡིན་པ་རྒྱུན་འཁྱོངས་བྱས་ནས། ཚན་རིག་གི་འཕེལ་རྒྱས་ལྟ་བ་གཙོ་བོར་བཟུང་སྟེ། དེང་སྐབས་ལ་རྐང་བཙུགས་པ་དང་ཡུན་རིང་ལ་དམིགས་ནས། ནུས་ཁུངས་ཐོན་སྐྱེད་དང་འཛད་སྤྱོད་བྱེད་སྟངས་བསྒྱུར་བཅོས་བྱེད་པར་སྐུལ་འདེད་བཏང་སྟེ། ནུས་ཁུངས་ལྷད་མེད་དང་ཐན་ཉུང་། རིག་ནུས་བཅས་ཀྱི་འཕེལ་རྒྱས་ཆུ་ཚད་མཐོར་འདེགས་སུ་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ནུས་ཁུངས་གྲོན་ཆུང་དང་བཙོག་རྫས་ཉུང་འདོན་བྱེད་ཐབས་ལ་ཤུགས་བསྣན་ཏེ། དཔལ་འབྱོར་བརྟན་འཇགས་སྒོས་འཕེལ་རྒྱས་སུ་གཏོང་བར་རྒྱབ་རྟེན་བྱེད་ས་འདོན་སྤྲོད་བྱེད་དགོས་ཟེར།

ལིས་ཁི་ཆང་གིས་ནན་གྱིས་གསུངས་རྒྱུར། ད་ལྟ་ལས་གཞི་གལ་ཆེན་སྐོར་ཞིག་ལས་མགོ་རྩོམ་རྒྱུ་ཡིན། དེ་ཐོན་ཚད་བརྟན་འཇགས་སྒོས་འཕར་སྣོན་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། ནུས་ཁུངས་གྲུབ་ཚུལ་ལེགས་སྒྲིག་བྱེད་པའི་བྱ་བ་གཙོ་བོའང་ཡིན་པས། རྒྱལ་སྤྱིའི་བདེ་འཇགས་ཚད་གཞི་ཆེས་མཐོན་པོ་བེད་སྤྱོད་པ་དང་། བདེ་འཇགས་ལ་ཁག་ཐེག་བྱེད་པའི་ཆ་རྐྱེན་འོག གནས་བབ་དང་བསྟུན་ནས་ཤར་ཕྱོགས་མཚོ་རྒྱུད་ས་ཁུལ་དུ་ཉིང་རྡུལ་གློག་འདོན་ལས་གཞི་གཙོ་བོ་འཛུགས་སྐྲུན་བྱེད་དགོས། སྐྱེ་ཁམས་སྲུང་སྐྱོབ་དང་གནས་སྤོར་བཀོད་སྒྲིག་བྱ་བ་བཟང་བོར་སྒྲུབ་པའི་རྨང་གཞིའི་སྟེང་། གོ་རིམ་ལྡན་པའི་ངང་ལུགས་མཐུན་གྱི་ཆུ་གློག་འདོན་པའི་ལས་གཞི་འཛུགས་སྐྲུན་བྱེད་དགོས་ཟེར།  

ལིས་ཁི་ཆང་གིས་གསུངས་རྒྱུར། ནུས་ཁུངས་གྲུབ་ཚུལ་ལེགས་སྒྲིག་བྱེད་དགོས་ན་ངེས་པར་དུ་ནུས་ཁུངས་སྒྲིག་གཞི་བཅོས་བསྒྱུར་བྱེད་པར་རྒྱབ་རྟེན་བྱེད་དགོས། སྒྲིག་གཞི་ཆ་རྐྱེན་ཧུར་ཐག་སྒོས་གསར་སྐྲུན་བྱེད་པ་དང་སྟོབས་ཤུགས་ཡོད་རྒུས་ཆེད་ལས་ཞབས་ཕྱི་འཐུས་ཚང་དུ་བཏང་སྟེ། ཕྱོགས་སོ་སོའི་སྟོབས་ཤུགས་ཆགས་པར་བྱེད་པ་དང་། སྔོན་ཐོན་ནུས་ཁུངས་ལག་རྩལ་གྱི་སྒྲིག་ཆས་ཕྱི་ཕྱོགས་སུ་སྐྱེལ་བར་སྐུལ་འདེད་གཏོང་དགོས་ཟེར།

དབྱང་ཅིན་དང་ཝན་ཀང་། ཀྲིག་ཞའོ་ཁྲོན། རྒྱལ་ཁབ་ནུས་ཁུངས་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་ལས་ཁུངས། ནུས་ཁུངས་ཁེ་ལས་ཀྱི་འགན་ཁུར་པ། ཆེད་མཁས་པ་དང་རིག་གནས་པ་བཅས་གྲོས་ཚོགས་སུ་ཞུགས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག