མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

“གྲི་འཕྲོག་གཞོན་ནུ”ལིའུ་ཡན་པིན་ལ་རྒྱལ་ཡོངས་ཀྱི“ཀྲུང་ཧྭའི་བདེན་པའི་རྒྱབ་ལངས་ཀྱི་དཔེ་བཟང”ཞེས་པའི་མཚན་སྙན་ཐོག་མ་ཐོབ་པ།

  ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།  2014-06-15 12:02

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་ཧྭའི་བདེན་པའི་རྒྱབ་ལངས་ཐེབས་རྩ་ཚོགས་པའི་རྒྱུན་ལས་ལས་འཛིན་དཔོན་གཞོན་པ་ལི་ཧྲུན་ཐའོ་ཚེས་12ཉིན་གྱི་ཕྱི་དྲོ་ཅང་ཤིས་ཞིང་ཆེན་དབྱི་ཁྲུན་གྲོང་ཁྱེར་མི་དམངས་སྨན་ཁང་དུ་བསྐྱོད་ནས“གྲི་འཕྲོག་གཞོན་ནུ”ལིའུ་ཡན་པིན་ལ་འཚམས་འདྲི་དང་གཟེངས་བསྟོད་གནང་བ་མ་ཟད།ཁོ་ལ་རྒྱལ་ཡོངས་ཀྱི“ཀྲུང་ཧྭའི་བདེན་པའི་རྒྱབ་ལངས་ཀྱི་དཔེ་བཟང”ཞེས་པའི་མཚན་སྙན་ཐོག་མ་གནང་བ་རེད།

    ནད་ཁང་དུ་ལི་ཧྲུན་ཐའོ་ཡིས་ལིའུ་ཡན་པིན་ལ“ཀྲུང་ཧྭའི་བདེན་པའི་རྒྱབ་ལངས་ཀྱི་དཔེ་བཟང”གི་གཟེངས་བསྟོད་ལག་ཁྱེར་དང་ཞགས་རྒྱན་སྤྲད་ཅིང་།ཁོང་གིས་མཐེ་བོང་སྒྲེང་བཞིན་ལིའུ་ཡན་པིན་ལ་བྱམས་བརྩེའི་ངང“ཁྱོད་ཀྱི་ལག་རྗེས་ནི་ཧ་ཅང་སེམས་འགུལ་ཐེབས་པ་ཞིག་རེད།རྨས་ཀྱང་ད་དུང་མི་ངན་དང་འཐབ་ཕོད་ནས་རླངས་འཁོར་ནང་གི་མི་གཞན་གྱི་བདེ་འཇགས་ལ་དངོས་གནས་སྲུང་སྐྱོབ་བྱས་པ་རེད”ཅེས་གསུངས།

    ངོ་སྤྲོད་བྱས་པར་གཞིགས་ན།དེ་ནི་རྒྱལ་ཡོངས་ཀྱི“ཀྲུང་ཧྭའི་བདེན་པའི་རྒྱབ་ལངས་ཀྱི་དཔེ་བཟང”ཞེས་པའི་མཚན་སྙན་ཐོག་མ་དེ་ཡིན་པ་རེད།ཀྲུང་ཧྭའི་བདེན་པའི་རྒྱབ་ལངས་ཐེབས་རྩ་ཚོགས་པའི་ལས་བྱེད་པས་བཤད་དོན།གནས་ཚུལ་ཐོན་རྗེས་ཐེབས་རྩ་ཚོགས་པས་དོན་དངོས་གཞིར་བཟུང་མཚན་སྙན་སྤྲོད་རྒྱུའི་ཐད་གྲོས་བསྡུར་བྱས་མཐར་རྒྱལ་ཡོངས་ཀྱི“ཀྲུང་ཧྭའི་བདེན་པའི་རྒྱབ་ལངས་ཀྱི་དཔེ་བཟང”གི་མཚན་སྙན་ཐོག་མ་གཏན་ལ་ཕབ་པ་རེད་ཅེས་བརྗོད།

    ལི་ཧྲུན་ཐའོ་ཡིས“ང་ཚོས་དཔའ་བོར་སློབ་སྦྱོང་དང་།དྲིལ་བསྒྲགས།གཅེས་སྐྱོང་བཅས་བྱེད་པ་དང་།མང་ཚོགས་སྒྲིག་འཛུགས་ཀྱིས་མི་ངན་མི་བཟང་ལ་སྐྲག་པར་བྱེད་པའི་དུས་རབས་གསར་པའི་གཞོན་ནུ་དཔའ་བོའི་ལེའུ་གསར་པ་ཞིག་གཏོད་དགོས”ཞེས་གསུངས།

    ཟླ་5ཚེས་31ཉིན་དབྱི་ཁྲུན་གྲོང་ཁྱེར་ནས་ཡོན་ཀྲོའུ་ཆུས་ཅིན་རུའེ་གྲོང་རྡལ་དུ་སྐྱོད་པའི་རླངས་འཁོར་ནང་སྐྱེས་པ་ཞིག་གིས་གློ་བུར་དུ་གྲི་བཏོན་ནས་སྤྱོད་ངན་སྤེལ་བས་རླངས་འཁོར་ནང་གི་འགྲུལ་པ་5ལ་རྨས་སྐྱོན་ཚད་མི་འདྲ་བ་ཕོག་པ་དང་།ཉེན་ཁའི་སྐབས་སུ་དབྱི་ཁྲུན་སློབ་འབྲིང་གསུམ་པའི་མཐོ་འབྲིང་ལོ་རིམ་གསུམ་པའི་སློབ་མ་ལིའུ་ཡན་པིན་གྱིས་རང་ཉིད་རྨས་ཀྱང་སྲོག་ཉེན་འཛེམ་མེད་ངང་མི་ངན་དང་འཛིང་རེས་བྱས་བཏང་བ་རེད།ཉིན་ཤས་བསྟུད་མར་ཁོ་བོས་མི་ངན་དང་ཞུམ་མེད་འཐབ་འཛིང་བྱས་པའི་དཔའ་མཛངས་རྟུལ་ཕོད་བྱས་རྗེས་རྒྱལ་ཡོངས་སུ་རྒྱ་ཆེར་ཁྱབ་སྟེ“མཐོ་འབྲིང་སློབ་མ་ཡག་ཤོས”ཞེས་བསྔགས་བརྗོད་བྱེད་བཞིན་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག