མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞིས་ཅིན་ཕིང་གིས་ཁུ་པའི་གསར་བརྗེའི་གཙོ་འཛིན་ཧྥེ་ཏེར·ཁ་སི་ཐེ་ལུའོ་ལ་གཟིགས་པ།

  ཡོང་ཁུངས། བོད་ལྗོངས་གསར་འགྱུར་དྲ་བ།  2014-07-26 10:49

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་22ཉིན་ཧ་ཝ་ན་རུ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཁུ་པའི་གསར་བརྗེའི་གཙོ་འཛིན་ཧྥེ་ཏེར·ཁ་སི་ཐེ་ལུའོ་ལ་ཐུགས་སྣང་གཤིན་པོས་གཟིགས་པ་རེད།

ཞིས་ཅིན་ཕིང་ཧྥེ་ཏེར·ཁ་སི་ཐེ་ལུའོ་བཞུགས་སར་ཕེབས་ནས་ཁོང་རྣམ་གཉིས་ཀྱིས་མཛའ་མཐུན་གྱི་རྣམ་པའི་ཁྲོད་ཀྲུང་གོ་དང་ཁུ་པའི་དབར་གྱི་འབྲེལ་བ་དང་རྒྱལ་སྤྱིའི་དུས་བབ་སོགས་ཐུན་མོང་ཐུགས་ཁུར་གནང་བའི་གནད་དོན་ལ་གླེང་མོལ་གནང་བ་རེད།

ཞིས་ཅིན་ཕིང་གིས་གུས་ཤིང་བརྩེ་བའི་བློ་མཐུན་ཧྥེ་ཏེར་ལགས།སླར་ཡང་སྐུ་ཉིད་དང་མཇལ་བར་དགའ་པོ་བྱུང་།2011ལོར་ངས་ཁུ་པར་འཚམས་འདྲི་བྱེད་རིང་སྐུ་ཉིད་ལ་འཚམས་འདྲིར་བཅར་ནས་དུས་ཚོད་ཡུན་རིང་པོ་ལྷན་དུ་གླེང་མོལ་བྱས་པ་ཡིན།དེ་རིང་སྐུ་ཉིད་སྙིང་སྟོབས་ཀྱིས་རྒྱས་ཡོད་པ་མཐོང་སྐབས་ང་རང་ཧ་ཅང་དགའ་པོ་བྱུང་།སྐུ་ཉིད་ནི་ཁུ་པའི་གསར་བརྗེ་དང་བྱ་གཞག་གཏོད་མཁན་གྱི་གསར་གཏོད་མཁན་ཡིན་ལ་ཀྲུང་གོ་དང་ཁུ་པའི་དབར་གྱི་འབྲེལ་བའི་གསར་གཏོད་མཁན་ཡང་ཡིན་པས།ཁུ་པའི་མི་དམངས་ཀྱིས་གུས་བཀུར་བྱེད་ལ་ཀྲུང་གོ་མི་དམངས་ཀྱི་བརྩི་བཀུར་ཡང་ཐོབ་ཡོད།སྐུ་ཉིད་ཀྱིས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ལེགས་སུ་གཏོང་ཆེད་ཕུལ་བའི་ལེགས་སྐྱེས་གལ་ཆེན་ང་ཚོས་བརྗེད་མི་སྲིད་ཅེས་གསུངས་པ་རེད།

ཞིས་ཅིན་ཕིང་གིས་ད་ཐེངས་ངས་ཁུ་པར་འཚམས་འདྲི་བྱེད་དོན་ནི་བློ་མཐུན་ཧྥེ་ཏེར་དང་ཀྲུང་གོའི་རྒན་རབས་དབུ་ཁྲིད་པས་ལྷན་དུ་བཏོད་པའི་ཀྲུང་གོ་དང་ཁུ་པའི་སྲོལ་རྒྱུན་མཛའ་གྲོགས་རྒྱུན་འཛིན་དང་དར་སྤེལ་བཏང་ནས་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་མཉམ་ལས་འབྲེལ་བར་སྒུལ་ཤུགས་གསར་པ་སྣོན་རྒྱུ་དེ་ཡིན་ཞེས་ནན་བཤད་གནང་བ་དང་།ཁོང་གིས་ད་དུང་ད་ཐེངས་ལ་ཏིང་མེ་གླིང་ལ་འཚམས་འདྲི་དང་འབྲེལ་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་མཇལ་འཛོམས་དང་།ཀྲུང་གོ་དང་ལ་ཏིང་མེ་གླིང་གི་འགོ་ཁྲིད་པའི་དབར་གྱི་མཇལ་འཛོམས་གནས་ཚུལ་ངོ་སྤྲོད་གནང་བ་རེད།

ཧྥེ་ཏེར·ཁ་སི་ཐེ་ལུའོ་ཡིས་ཞིས་ཅིན་ཕིང་ཁུ་པར་འཚམས་འདྲི་གནང་བ་ཕེབས་པར་དགའ་བསུ་ཞུས་ཤིང་།ཁོང་གིས་ཀྲུང་གོའི་མཛའ་མཐུན་སྤེལ་རེས་ལ་ངས་རྗེས་དྲན་བྱེད་ཀྱི་ཡོད།ཀྲུའུ་ཞི་ཞིས་ཅིན་ཕིང་དང་ཁུ་པའི་འགོ་ཁྲིད་པའི་སྣེ་ཁྲིད་འོག་ཁུ་པ་དང་ཀྲུང་གོའི་དབར་གྱི་འབྲེལ་བར་གྲུབ་འབྲས་སྔར་བས་ལེགས་པ་ཐོབ་རྒྱུའི་ཡིད་ཆེས་ཡོད་ཅེས་གསུངས་པ་དང་།ཁོང་གིས་མིག་སྔའི་རྒྱལ་སྤྱིའི་དུས་བབ་འགྱུར་ལྡོག་འགྲོ་བཞིན་ཡོད་པ་དང་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཚོགས་སྤྱིའི་རང་བཞིན་ཐོན་པས།འཛམ་གླིང་ལ་གལ་ཆེ་དང་གཏིང་ཟབ་ཀྱི་ཤུགས་རྐྱེན་ཐེབས་ཡོད།ཀྲུང་གོ་ནི་རླབས་ཆེའི་རྒྱལ་ཁབ་ཅིག་ཡིན་པས།ཀྲུང་གོའི་འཕེལ་རྒྱས་ཀྱིས་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་ནུས་པ་གལ་ཆེན་འདོན་ངེས་རེད་ཅེས་གསུངས་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག