མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལོ་སྟོད་ཀྱི་ཞིང་ལས་དང་གྲོང་ཁྱེར་གྱི་དཔལ་འབྱོར་ཐོན་འཕར་ལ་འགན་སྲུང་ཡོད་པ་དང་། འབབ་འཕར་ལ་སྒུལ་ཤུགས་ལྡན་པ།

རྩོམ་པ་པོ། ཚེ་འཛིན་དབང་མོ།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-07-27 10:37

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་བསྡོམས་རྩིས་ཅུད་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་གསལ་བར། ཐོག་མའི་བསྡོམས་རྩིས་བརྒྱབ་པར་གཞིགས་ན། ལོ་སྟོད་དུ་ཐོན་ལས་དང་པོའི་རིན་ཐང་འཕར་ཚད་སྒོར་དུང་ཕྱུར་༡༩༨༡༢ཟིན་པ་དང་། དུས་མཚུངས་ལས་བརྒྱ་ཆ་༣.༩འཕར་ཡོད་པ་རེད། ཐོན་ལས་དང་པོའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ངོས་ནས། འདེབས་འཛུགས་ལས་རིགས་དང་ཕྱུགས་ལས་ཀྱི་ཞིང་ལས་ཐོན་རྫས་གཙོ་བོའི་ཐོན་འབོར་བརྟན་པོས་འཕར་སྣོན་བྱུང་ཡོད།

དབྱར་དུས་འབྲུ་སྣུམ་གྱི་ཐོན་འབབ་ཡག་པོ་བྱུང་ཡོད་དེ། རྒྱལ་ཡོངས་ཀྱི་དབྱར་འབྲུའི་ཐོན་འབོར་རྒྱ་མ་དུང་ཕྱུར་༢༧༣༡དང་བྱེ་བ་༩ཟིན་པ་དང་། དེ་ན་ནིང་དང་བསྡུར་ཚེ་རྒྱ་མ་དུང་ཕྱུར་༩༤དང་བྱེ་བ་༩འཕར་ཡོད་ཅིང་། འཕར་ཚད་བརྒྱ་ཆ་༣.༦ཟིན་ཡོད། ལོ་སྟོད་དུ་འབྲུ་རིགས་ཐོན་འབོར་འགོ་ཡག་པོ་འཛུགས་ཐུབ་པ་བྱུང་སྟེ། དབྱར་འབྲུའི་ཐོན་འབོར་ལོ་བཅུ་གཅིག་བསྟུད་མར་ལོ་ལེགས་ཡོང་བ་བྱ་རྒྱུ་མངོན་འགྱུར་བྱུང་བ་དང་། ཉེ་བའི་ལོ་ལྔའི་ནང་མུའུ་རྐྱང་པའི་ཐོན་འབབ་འཕར་ཤུགས་མང་ཤོས་ཀྱི་ལོ་ཞིག་ཏུ་འགྱུར་ཡོད་པ་རེད། ཕྱུགས་ལས་ཀྱི་ཐོན་འབབ་ན་ནིང་ཞན་དུ་ཕྱིན་པའི་རྗེས། ལོ་འདི་ཤར་རྗེས་བརྟན་པོས་སླར་གསོ་ཡོང་འགོ་ཚུགས་པ་དང་། ལོ་སྟོད་དུ་གླང་ལུག་དང་བྱ་རིགས་ཀྱི་ཤའི་ཐོན་འབོར་ཏུན་བྱེ་བ་བཞི་དང་སུམ་ཁྲི་ཟིན་ཞིང་། དུས་མཚུངས་དང་བསྡུར་ཚེ་བརྒྱ་ཆ་༡.༧འཕར་བ་དང་། གླང་ལུག་གི་ཤ་མཁོ་འདོན་ཐུབ་ཚད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད་པ་རེད།

ལོ་འདི་ནས་བཟུང་། ཀྲུང་དབྱང་ནོར་སྲིད་ཀྱིས་གླང་ལུག་གི་ཤའི་ཐོན་སྐྱེད་གོང་འཕེལ་ཐད་མ་དངུལ་སྒོར་དུང་ཕྱུར་༡༤སྣོན་གཏོང་བྱས་ཏེ། བཤས་གླང་གི་རྨང་གཞིའི་མོ་ཕྱུགས་གྱི་གྲངས་འབོར་མང་དུ་གཏོང་རྒྱུའི་ཁ་གསབ་ཐད་སྤྲད་ཡོད་པ་རེད། སྲིད་ཇུས་ཀྱི་སྐུལ་འདེད་དང་ཁྲོམ་རའི་སྐུལ་ཁྲིད་འོག གླང་ལུག་གི་གྲངས་འབོར་བརྟན་པོས་འཕར་བ་དང་། བཤས་གླང་ཉུང་དུ་འགྲོ་ཚད་མགོར་དུ་གཏོང་ཐུབ་ཡོད་ལ། བཤས་ལུག་གི་གྲངས་འབོར་མང་དུ་གཏོང་ཐུབ་པ་བྱུང་བ་དང་། རིན་གོང་འཕར་རྒྱུ་ཞི་ལྷོད་དུ་གཏོང་ཐུབ་པ་བྱུང་ཡོད། ཟླ་བ་༦པར། རྒྱལ་ཡོངས་ཀྱི་གླང་ཤ་དང་ལུག་ཤའི་ཟླ་རེའི་ཆ་སྙོམས་རིན་གོང་འཕར་ཚད་ན་ནིང་དུས་མཚུངས་ལས་ཁག་སོ་སོར་བརྒྱ་ཆའི་གནས་༢༥དང་། བརྒྱ་ཆའི་གནས་༡༥ཆག་ཡོད་པ་རེད།

ལོ་འདི་ནས་བཟུང་། རྒྱལ་ནང་གི་དཔལ་འབྱོར་སྤྱིའི་ཆ་ནས་གོང་འཕེལ་མགོར་དུ་ཕྱིན་པ་དང་། མཛད་སྤྱོད་དགོས་མཁོ་ཆུང་དུ་ཕྱིན་པའི་གནས་ཚུལ་འོག རང་རྒྱལ་གྱི་གཞི་ཁྱོན་ཡན་གྱི་ཞིང་ལས་ཐོན་རྫས་ཀྱི་ལས་སྣོན་ལས་རིགས་ལ་སྔར་བཞིན་ལས་སྒོ་གཙོ་བོའི་ཡོང་འབབ་སྒོར་དུང་ཕྱུར་བརྒྱད་ཁྲི་བཞི་སྟོང་བྱུང་བ་དང་། དུས་མཚུངས་ལས་བརྒྱ་ཆ་༩.༥འཕར་ཞིང་། རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་སྣོན་མྱུར་ཚད་བརྒྱ་ཆའི་གནས་༡.༤ཟིན་སྟེ། སྤྱིའི་སྤུས་ཚད་དང་ཕན་འབྲས་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད་པ་རེད།

སྤྲོ་གསེང་ཞིང་ལས་ཀྱི་གཞི་ཁྱོན་གོ་རིམ་ལྡན་པའི་སྒོ་ནས་གོང་འཕེལ་ཕྱིན་ཏེ། རིག་གནས་རྒྱུན་འཛིན་དང་། སྐྱེ་ཁམས་འགན་ལེན། གསར་གཏོད་ཐོན་ལས། དེང་རབས་ཞིང་ལས་འཛུགས་སྐྲུན་བཅས་དང་ཟམ་མི་ཆད་པར་མཉམ་བསྲེས་ཐུབ་པ་བྱུང་ཡོད། སྤྲོ་གསེང་ཞིང་ལས་གོང་འཕེལ་བཏང་བ་དེས་ཞིང་པར་ཞིང་ལས་ཐོན་སྐྱེད་ཀྱི་ཡོང་འབབ་དང་གཉེར་སྐྱོང་ཡོང་འབབ་མཉམ་སྣོན་དང་། ལས་ཞུགས་ཡོང་འབབ་དང་ལས་སྐྲུན་ཡོང་འབབ་མཉམ་སྣོན། དུས་ཚིགས་རང་བཞིན་གྱི་ཡོང་འབབ་དང་རྒྱུན་གཏན་རང་བཞིན་གྱི་ཡོང་འབབ་མཉམ་སྣོན་བཅས་བྱུང་བས། ཞིང་པར་དུས་བཞི་ཡོང་འབབ་ཆད་རྒྱུ་མེད་པ་མངོན་འགྱུར་ཐུབ་ཡོད།

རྒྱལ་ཁབ་བསྡོམས་རྩིས་ཅུད་ཀྱི་གྲངས་གཞི་ལས་གསལ་བར། ལོ་སྟོད་དུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་ཀྱི་ཧེ་བག་ཆུང་དུ་ཕྱིན་ཡོད་པ་རེད། ཞིང་ལས་པུའི་སྲིད་ཇུས་དང་ཁྲིམས་སྲོལ་སིའི་འབྲེལ་ཡོད་འགན་འཁུར་བས། མིག་སྔའི་ཞིང་པའི་ཡོང་འབབ་འཕར་ཚད་གོང་འཕེལ་འགྲོ་ཚུལ་དང་འཚམས་ཞིང་། མུ་མཐུད་དུ་སྣེ་མང་མཉམ་སྒུལ་གྱི་རྣམ་པ་མངོན་འགྱུར་ཐུབ་པ་བྱུང་བ་དེ། གཙོ་བོ་ཞིང་ལས་ཐོན་རྫས་ཀྱི་ཐོན་འབོར་འཕར་བ་དང་། རིན་གོང་ལེགས་པ། ཞིང་པ་ཕྱི་ཕྱོགས་སུ་ཡོང་འབབ་གསོག་པར་འགྲོ་མཁན་མང་དུ་ཕྱིན་པ། གླ་ཕོགས་འཕར་བ་བཅས་ལ་བརྟེན་ནས་བྱུང་བ་ཞིག་རེད་ཅེས་གསུངས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག