མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གྲོས་ཚོགས་བསྡུས་ནས་ད་ལོའི་ཟླ་བཅུ་བར་པེ་ཅིན་ནས་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་བསྡུ་རྒྱུའི་ཐག་བཅད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-30 10:44

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཟླ་བདུན་པའི་ཚེས་ཉེར་དགུ་ཉིན་གྲོས་ཚོགས་བསྡུས་ཏེ། ད་ལོའི་ཟླ་བཅུ་བར་པེ་ཅིན་ནས་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་བསྡུ་རྒྱུའི་ཐག་བཅད་པ་དང་། གྲོས་ཚོགས་ཀྱི་གྲོས་རིམ་གཙོ་བོ་ནི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ལ་བྱ་བའི་སྙན་ཞུ་འབུལ་རྒྱུ་དང་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་གནད་དོན་གལ་ཆེན་ལ་ཞིབ་འཇུག་བྱེད་རྒྱུ་དེ་ཡིན། ཚོགས་ཐོག་ནས་ད་ལོའི་ལོ་སྟོད་ཀྱི་དཔལ་འབྱོར་གནས་བབ་དང་ལོ་སྨད་ཀྱི་དཔལ་འབྱོར་བྱ་བར་དབྱེ་ཞིབ་དང་ཞིབ་འཇུག་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད།

ཚོགས་ཐོག་ནས་བལྟས་ན། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་རེ་བ་དང་འགན་སྲུང་གལ་ཆེན་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་རྒྱུ་དེ་ཡིན་པ་དང་། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བའི་དགོས་ངེས་ཀྱི་རེ་བ་ཡིན་ལ། དེ་ང་ཚོ་ཏང་གིས་སྲིད་འཛིན་རྒྱལ་དར་དང་མི་དམངས་ཀྱི་བདེ་སྡོད་ལས་བརྩོན། ཏང་དང་རྒྱལ་ཁབ་ཀྱི་ཡུན་རིང་བདེ་འཇགས་བཅས་ལ་འབྲེལ་བ་ཡོད་པས། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ། ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་སུ་གཏོང་བ། ཏང་གི་སྲིད་འཛིན་ནུས་པ་དང་སྲིད་འཛིན་ཆུ་ཚད་ཇེ་མཐོར་གཏོང་བ་བཅས་ལ་ངེས་པར་དུ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ལག་བསྟར་བྱེད་དགོས་པར་སྙམ།

ཚོགས་ཐོག་ནས་བསྟན་དོན། ད་ལོའི་ལོ་སྨད་ཀྱི་དཔལ་འབྱོར་བྱ་བ་བཟང་བོར་སྒྲུབ་སྐབས། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་དངོས་འབེབས་བྱེད་པ་དང་། ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་ཐབས་ཇུས་དང་བཀོད་སྒྲིག་ཕྱོགས་ཡོངས་ནས་དངོས་འབེབས་བྱས་ཏེ། བཅོས་སྒྱུར་དང་འཕེལ་རྒྱས། བརྟན་འཇགས་བཅས་ཀྱི་དོ་མཉམ་བྱེད་ས་གསལ་བོར་ཤེས་པར་བྱེད་པ་དང་། ཉེ་བའི་དུས་སྐབས་ཤིག་གི་དམིགས་འབེན་དང་ཡུན་རིང་འཕེལ་རྒྱས་ཀྱི་དོ་མཉམ་བྱེད་ས་གསལ་བོར་ཤེས་པར་བྱེད་དགོས་པར་མ་ཟད། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མི་དམངས་ཀྱི་འཚོ་བ་ལེགས་བཅོས་བྱེད་པའི་ཟུང་འབྲེལ་བྱེད་ས་གསལ་བོར་ཤེས་པར་བྱེད་དགོས། དཔལ་འབྱོར་འཁོར་སྐྱོད་ཁྲོད་ཀྱི་འབུར་ཐོན་གནད་དོན་ལ་དམིགས་ཏེ། དེང་སྐབས་དང་ཡུན་རིང་ལ་ཕན་པའི་བྱེད་ཐབས་དང་སྲིད་ཇུས་ལག་བསྟར་ནན་མོ་བྱེད་པ་དང་བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་ཞིང་མྱུར་དུ་གྲུབ་ཚུལ་ལེགས་སྒྲིག་བྱེད་པ་དང་མུ་མཐུད་དུ་དམངས་འཚོའི་བྱ་བ་བཟང་བོར་བསྒྲུབ་དགོས་པར་མ་ཟད། དཔལ་འབྱོར་རྒྱུན་མཐུད་དང་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། ཧུར་ཐག་སྒོས་ལོ་ཧྲིལ་བོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་འབེན་མངོན་འགྱུར་བྱེད་དགོས་ཟེར།

ཚོགས་ཐོག་ནས་བཅོས་སྒྱུར་གོ་གནས་གལ་ཆེན་དུ་འཇོག་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་གནད་དོན་གྱི་མཛུབ་སྟོན་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། འཕར་སྣོན་བརྟན་འཇགས་དང་གྲུབ་ཚུལ་ལེགས་སྒྲིག དམངས་འཚོ་ལེགས་བཅོས། ཉེན་ཁ་འགོག་སྲུང་བཅས་ལ་དམིགས་ནས། བཅོས་སྒྱུར་མྱུར་དུ་ལག་བསྟར་བྱེད་པ་དང་ཚོང་ར་ནང་ཁུལ་གྱི་སྒུལ་ཤུགས་དང་གསོན་ཤུགས་ཕྱོགས་ཡོངས་ནས་སྐུལ་དགོས། ཐོན་དབང་སྲུང་སྐྱོབ་ཤུགས་ཚད་ཇེ་ཆེར་གཏོང་བ་དང་དངུལ་བསྡུའི་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ཞིང་། སྲིད་བསྡུ་དབང་གཏོང་གི་ནུས་པ་ཇེ་ཆེར་གཏོང་བ་དང་། ཞབས་ཕྱིའི་ལས་རིགས་དེ་གོ་རིམ་ལྡན་པར་སྒོ་འབྱེད་བྱེད་ཅིང་གསར་བཟོ་ལས་རིགས་ཀྱི་ཚོད་འཛིན་ལྷོད་གཡེང་དུ་གཏོང་བ་དང་། དེ་དང་མཉམ་དུ་ལྷོད་གཡེང་དང་དོ་དམ་ཟུང་འབྲེལ་བྱས་ནས་ཚོང་རའི་ལྟ་རྟོག་དོ་དམ་ལ་ཤུགས་སྣོན་དགོས་པའི་རེ་བ་བཏོན།

ཚོགས་ཐོག་ནས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག