མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལོ་སྟོད་དུ་ལས་ཞུགས་ཀྱི་གནས་བབ་བརྟན་པོའི་ངང་ལེགས་སུ་འགྲོ་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-07-30 10:55

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་སྤྱི་ཚེས25ཉིན་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་གསལ་བར། ལོ་སྟོད་དུ་རྒྱལ་ཁབ་ཀྱིས་ལས་ཞུགས་སྔོན་འགྲོར་བརྩི་བའི་འཐབ་ཇུས་དང་དེ་བས་དགེ་མཚན་ལྡན་པའི་ལས་ཞུགས་སྲིད་ཇུས་ལག་བསྟར་བྱས་པའི་རྐྱེན་གྱིས། གསར་དུ་ལས་ཀར་ཞུགས་པའི་མི་གྲངས་རྒྱུན་མཐུད་ངང་འཕར་བ་དང་། ལས་ཞུགས་གནས་བབ་བརྟན་པོའི་ངང་ལེགས་སུ་འགྲོ་ཚུལ་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།

ད་ལོ་མཐོ་རིམ་སློབ་གྲྭ་ནས་ཐོན་པའི་མི་གྲངས་ས་ཡ་བདུན་དང་ཉིས་འབུམ་བདུན་ཁྲི་ཟིན་པ་དང་། གྲངས་འབོར་ལོ་རེ་བཞིན་མང་དུ་འགྲོ་བཞིན་ཡོད། ཡིན་ནའང་རྒྱལ་ཁབ་ཀྱིས་སློབ་ཆེན་སློབ་ཐོན་སློབ་མས་བྱ་གཞག་གསར་གཏོད་བྱ་རྒྱུར་ཁྲིད་སྟོན་བྱེད་པའི་འཆར་གཞི་ལག་བསྟར་བྱས་པས་སློབ་ཆེན་སློབ་ཐོན་སློབ་མ་མང་པོས་སློབ་གྲྭ་ཐོན་མ་ཐག་རང་ཉིད་ཀྱི་བྱ་གཞག་གསར་གཏོད་ཐུབ་ཡོད་པ་རེད། ད་ལོ་ནས་བཟུང་། ལོ་འདི་རང་ཐོན་པ་མ་ཡིན་པའི་སློབ་ཐོན་སློབ་མས་ངལ་རྩོལ་གན་རྒྱ་དང་སློབ་ཐོན་ལག་ཁྱེར་འཁྱེར་ནས་ཕྱིན་ཚེ་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་དང་དེའི་འོག་གི་གྲོང་ཁྱེར་དུ་ཐེམ་ཐོ་སྤོ་ཆོག་པ་དང་། རྒྱལ་ཁབ་ཀྱི་སྲིད་ཇུས་དངོས་གཟུགས་བྱ་གཞག་གསར་གཏོད་ནས་དྲ་བའི་བྱ་གཞག་གསར་གཏོད་ལ་སྣོར་བསྲིངས་བྱས་པས། གློག་རྡུལ་ཚོང་དོན་དྲ་བའི་སྟེགས་བུར་དྲ་ཐོག་ཚོང་ཁང་བཙུགས་ནའང་འབོར་ཉུང་ཁག་ཐེག་དངུལ་བུན་དང་ནོར་སྲིད་ཀྱི་སྐྱེད་སྦྱར་སྲིད་ཇུས་ལོངས་སུ་སྤྱད་ཆོག་གི་ཡོད་པ་རེད།

ད་ལོའི་ཟླ་བ་དང་པོ་ནས་དྲུག་པའི་བར། རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གསར་དུ་ལས་ཀར་ཞུགས་པའི་མི་འབོར་ས་ཡ་བདུན་དང་སུམ་འབུམ་བདུན་ཁྲི་ཟིན་པ་དེ་དུས་མཚུངས་ལས་མི་ཆིག་འབུམ་ཉིས་ཁྲི་ཡིས་མང་བ་ཡོད་པ་རེད། དེ་དང་དུས་མཚུངས་ཁེ་ལས་ཆུང་གྲས་ཀྱི་གོང་འཕེལ་ལ་ཕན་པའི་སྲིད་ཇུས་ཟམ་མི་ཆད་པར་ཐོན་བཞིན་ཡོད་པ་རེད།

ལོ་འདི་ཤར་བ་ནས་བཟུང་། ཁེ་ལས་ཆུང་གྲས་ཀྱིས་མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མ་བསྡུས་པར་སྤྱི་ཚོགས་འགན་བཅོལ་ཁ་གསབ་སྤྲོད་པའི་སྲིད་ཇུས་དེ་སྤྱི་ལོ༢༠༡༥བར་ནར་འགྱངས་བྱས་པ་དང་། ཆབས་ཅིག་ཚན་རྩལ་རང་བཞིན་གྱི་ཁེ་ལས་ཆུང་གྲས་ཀྱིས་སློབ་ཆེན་སློབ་ཐོན་སློབ་མ་ལོ་རེར་བསྡུ་བའི་བསྡུར་ཚད་ངེས་ཅན་སླེབས་ན་མང་ཤོས་ལ་སྒོར་ས་ཡ་གཉིས་ལས་མི་བརྒལ་བའི་འབོར་ཉུང་ཁག་ཐེག་དངུལ་བུན་རེ་ཞུ་བྱས་ཆོག་པ་མ་ཟད་ནོར་སྲིད་ནས་སྐྱེད་ཁ་ཁ་གསབ་བྱེད་ཀྱི་ཡོད་པ་རེད། སྲིད་ཇུས་དེ་དག་གི་རྐྱེན་པས་ལས་ཞུགས་ཐབས་ལམ་གཙོ་བོར་གྱུར་བའི་སྒེར་གཉེར་དཔལ་འབྱོར་དང་། ཁེ་ལས་ཆུང་འབྲིང་དག་གོང་འཕེལ་ཆེན་པོ་བྱུང་ཡོད་པ་དང་། ལས་ཞུགས་ཀྱི་ལས་གནས་མང་པོ་གཏོད་ཡོད་པ་རེད། ད་ལོ་རང་རྒྱལ་གྱིས་གསར་དུ་ལས་ཀར་ཞུགས་པའི་མི་གྲངས་བྱེ་བ་གཅིག་ཟིན་པ་བྱ་རྒྱུའི་དམིགས་འབེན་བཏོན་ཡོད་པ་དང་། དེ་ཡང་ལས་ཞུགས་དམིགས་འབེན་ལོ་དྲུག་ནང་མཐོ་རུ་གཏོང་ཐེངས་དང་པོ་དེ་ཡིན་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག