མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་རྐང་ཐང་དུ་ས་འགུལ་བརྒྱུགས་སའི་དཀྱིལ་སྙིང་ལུང་ཐིག་ཧྲན་གྲོང་རྡལ་དུ་ཕེབས་ཏེ་ཡུལ་དངོས་ནས་གནོད་འཚེའི་གནས་ཚུལ་ལ་གཟིགས་ཞིབ་དང་གནོད་སེལ་རྒུད་སྐྱོབ་བྱ་བར་བཀོད་འདོམས་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-05 10:48

ཟླ8པའི་ཚེས4ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་རྐང་ཐང་དུ་ཡུན་ནན་ལུའུ་ཏེན་ས་འགུལ་བརྒྱུགས་སའི་དཀྱིལ་སྙིང་ལུང་ཐིག་ཧྲན་གྲོང་རྡལ་དུ་ཕེབས་ནས་གནོད་འཚེའི་གནས་ཚུལ་ལ་གཟིགས་ཞིབ་དང་གནོད་སེལ་རྒུད་སྐྱོབ་བྱ་བར་བཀོད་སྒྲིག་བྱས།
ཟླ8པའི་ཚེས4ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་རྐང་ཐང་དུ་ཡུན་ནན་ལུའུ་ཏེན་ས་འགུལ་བརྒྱུགས་སའི་དཀྱིལ་སྙིང་ལུང་ཐིག་ཧྲན་གྲོང་རྡལ་དུ་ཕེབས་ནས་གནོད་འཚེའི་གནས་ཚུལ་ལ་གཟིགས་ཞིབ་དང་གནོད་སེལ་རྒུད་སྐྱོབ་བྱ་བར་བཀོད་སྒྲིག་གནང་།
འདི་ནི་ལིས་ཁི་ཆང་གིས་གནོད་སེལ་རྒུད་སྐྱོབ་བྱེད་བཞིན་པའི་དཔོན་དམག་ལ་གསུང་གླེང་མཛད་པའི་ཚུལ་རེད།
འདི་ནི་ལིས་ཁི་ཆང་གིས་ལམ་འགྲམ་ནས་གནོད་ཐེབས་མང་ཚོགས་ལ་གསུང་གླེང་མཛད་པའི་ཚུལ་རེད།
འདི་ནི་ས་འགུལ་གནོད་སེལ་གྱི་ཡུལ་དངོས་ནས། ལིས་ཁི་ཆང་ཞིག་རོའི་ཐོག་ཏུ་བུད་དེ་ཚང་མས་རྨས་མ་སྐྱེལ་བཞིན་པའི་དཔོན་དམག་ལ་ལམ་གཟུར་བར་བཀོད་འདོམས་གནང་བའི་ཚུལ་རེད།
འདི་ནི་ལིས་ཁི་ཆང་གིས་ལམ་འགྲམ་ནས་གནོད་ཐེབས་མང་ཚོགས་ལ་གསུང་གླེང་མཛད་པའི་ཚུལ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱི་མངགས་པ་ལྟར། ཚེས་བཞི་ཉིན་གྱི་ཞོགས་པར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་པ་དང་། ཞི་ཅིན་ཕེན་གྱི་ཚབ་མཛད་དེ། ཡུན་ནན་ལུའུ་ཏེན་རྫོང་གི་ས་འགུལ་གནོད་འཚེ་ཐེབས་སར་ཕེབས་ཏེ་གནོད་འཚེའི་གནས་ཚུལ་ལ་གཟིགས་ཞིབ་མཛད་པ་དང་། ཡུལ་དངོས་ནས་གནོད་སེལ་རྒུད་སྐྱོབ་བྱ་བར་བཀོད་འདོམས་གནང་།

ལུང་ཐིག་ཧྲན་གྲོང་རྡལ་ནི་ཐེངས་འདིའི་ས་འགུལ་བརྒྱུགས་སའི་དཀྱིལ་སྙིང་ཡིན་པ་དང་། མི་སྣར་ཤི་རྨས་ཚབས་ཆེན་ཐེབས་པ་མ་ཟད། ཁང་པ་མང་ཆེ་ཤོས་བརྡིབས་ཡོད། ལིས་ཁི་ཆང་ས་འགུལ་གྱི་གནོད་འཚེ་ཐེབས་སར་ཐོན་མ་ཐག རླངས་འཁོར་ལ་བསྡད་དེ་གྲོང་རྡལ་དེར་ཕེབས། གཏོར་བརླགས་ཐེབས་པའི་གཞུང་ལམ་སྟེང་གི་བཀག་རྒྱ་སེལ་བཞིན་པའི་སྒང་ཡིན་པ་མཐོང་ནས། ལིས་ཁི་ཆང་རླངས་འཁོར་ལས་བབས་ཏེ། རྐང་ལམ་སྟེང་རྐང་ཐང་ལ་སྤྱི་ལེ་ལྔ་ལྷག་བརྒྱུད་དེ་གནོད་འཚེ་ཐེབས་པ་ཆེས་ཚབས་ཆེ་བའི་ལུང་ཆོན་སྡེ་བར་ཕེབས་ནས། ཡུལ་དངོས་སུ་གནོད་འཚེའི་གནས་ཚུལ་ལ་གཟིགས་ཞིབ་མཛད་པ་དང་། གནོད་སེལ་རྒུད་སྐྱོབ་བྱ་བར་བཀོད་འདོམས་གནང་བ་མ་ཟད། གནོད་ཐེབས་མང་ཚོགས་ལ་འཚམས་འདྲི་མཛད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་གནོད་ཐེབས་ས་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ལ་ཐུགས་ཁུར་དང་འཚམས་འདྲི་གནང་བ་བརྒྱུད་སྒྲོག་བྱས།

དྲག་ཆར་བབས་པས་རྐང་ལམ་དེ་འདམ་རྫབ་ཀྱིས་ཁེངས་ཡོད་ལ། ལིས་ཁི་ཆང་ལམ་དེ་བརྒྱུད་ནས་སྡེ་བའི་ནང་ཕེབས། ཁོང་གིས་ལམ་འགྲམ་གྱི་གནོད་ཐེབས་མང་ཚོགས་ལ་གསུང་གླེང་མཛད་དེ་ཁྱིམ་མིར་རྨས་སྐྱོན་ཕོག་ཡོད་མེད་དང་འདུག་སའི་གནས་ཡོད་མེད་ཞིབ་འདྲི་མཛད། ཁོང་གིས་ཁྱེད་ཚོས་དཀའ་ལས་མྱངས་སོང་། ཏང་དང་སྲིད་གཞུང་གིས་ཚང་མའི་དཀའ་ངལ་ཐག་གཅོད་བྱེད་ཤ་སྟག་ཡིན་ཞེས་གསུངས།

ལམ་ནང་དུ་སྐབས་ལ་ལར་དཔོན་དམག་དང་སྨན་བཅོས་རུ་མིས་རྨས་མ་འཁུར་ཡོང་བར་འཕྲད་བཞིན་ཡོད་པས། ལིས་ཁི་ཆང་གིས་དེ་དག་ལ་ལམ་གཟུར་ནས་མྱུར་དུ་སྨན་ཁང་དུ་སོང་སྟེ་སྨན་བཅོས་བྱེད་རྒྱུའི་མངགས་བཅོལ་གནང་།

ལམ་གྱི་ལོགས་གཉིས་སུ་ཁང་པ་མང་པོ་བརྡིབས་ཡོད་པ་དང་། ས་ཆ་སོ་སོ་ནས་ཡོང་བའི་མྱུར་སྐྱོབ་སྟོབས་ཤུགས་ཀྱིས་བྲེལ་འཚུབ་ཀྱིས་མི་སྣ་མྱུར་སྐྱོབ་བྱེད་བཞིན་ཡོད། ལིས་ཁི་ཆང་ཞིག་རོའི་སྟེང་དུ་བུད་དེ། མྱུར་སྐྱོབ་བྱེད་བཞིན་པའི་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔོན་དམག་ལ་གསུངས་རྒྱུར། ཁྱེད་ཚོ་ས་འགུལ་བརྒྱུགས་རྗེས་མྱུར་དུ་མྱུར་སྐྱོབ་བྱེད་པར་ཐོན་པས། ཏང་དང་སྲིད་གཞུང་། མི་དམངས་མང་ཚོགས་བཅས་ཀྱིས་ཁྱེད་ཚོར་བཀའ་དྲིན་ཞུ་བཞིན་ཡོད། ད་ལྟ་མང་ཚོགས་ཁ་ཤས་ད་དུང་ཞིག་རོའི་འོག་ཏུ་མནན་ཡོད་ལ། ཆེས་གནད་འགག་གི་དུས་ཡིན་པས། ཁྱེད་ཚོས་ཇི་ལྟར་དུས་ཚོད་དམ་འཛིན་སྒོས་མྱུར་སྐྱོབ་བྱས་ན། ཞིག་རོའི་འོག་གི་མང་ཚོགས་ལ་གསོན་པའི་རེ་བ་དེ་ལྟར་ཆེ། མིའི་སྲོག་སྐྱོབ་རྒྱུ་ནི་ལས་འགན་དང་པོ་ཡིན་པས། ཚང་མས་ཡོད་ཚད་བློས་བཏང་སྟེ་མྱུར་སྐྱོབ་བྱེད་དགོས། ཁྱད་ཚོས་ལས་འགན་ཡོངས་འགྲུབ་བྱེད་ཐུབ་པར་ང་ལ་ཡིད་ཆེས་ཡོད་ཟེར།

དམག་དཔུང་གི་དཔོན་དམག་དང་མྱུར་སྐྱོབ་སྟོབས་ཤུགས་ཀྱིས་བགྲོད་ལམ་དང་འཕྲིན་གཏོང་སྒྲིག་ཆས་ཉམས་གསོ་བྱེད་བཞིན་པ་མཐོང་ཆེན། ལིས་ཁི་ཆང་གིས་ཁོ་ཚོར་གནོད་སེལ་རྒུད་སྐྱོབ་ཀྱི་ཚེ་སྲོག་གི་བགྲོད་ལམ་ཞིག་ཕྱེས་དགོས་པའི་སྐུལ་མ་བཏང་བ་དང་། རང་ཉིད་ཀྱི་བདེ་འཇགས་ལ་མཉམ་འཇོག་དགོས་པའི་མངགས་བཅོལ་གནང་།

ལམ་འགྲམ་དུ་ད་དུང་བརྡིབས་མེད་པའི་ཁང་པ་ཁ་ཤས་ལ་གས་སྲུབས་ཤོར་ཡོད་པས། ལིས་ཁི་ཆང་གིས་ས་དེའི་ལས་བྱེད་པ་རྣམས་ལ་ས་འགུལ་ད་དུང་མུ་མཐུད་འབྱུང་བཞིན་ཡོད་པས། ཁང་པའི་ཕྱི་ཚུལ་ཙམ་ལ་མི་བལྟ་བར་ནང་དུ་སོང་ནས་བདེ་འཇགས་ཡིན་མིན་ལ་གསལ་བོར་བལྟ་དགོས། དོ་དགོང་ངེས་པར་དུ་ཁྱིམ་ཚང་རེ་རེར་སོང་ནས་བལྟ་དགོས་པ་དང་། ཉེན་ཁང་དུ་ཡོད་པའི་མང་ཚོགས་ཐབས་བརྒྱ་ཇུས་སྟོང་གིས་གནས་སྤོར་དགོས་ཞེས་གསུངས།

ས་དེའི་ལས་བྱེད་པས་ལམ་ཆད་པས་ད་ལྟ་ཟས་རིགས་དང་རྒུད་སྐྱོབ་དངོས་རྫས་དཀོན་པའི་གནས་ཚུལ་བཤད་པར། ལིས་ཁི་ཆང་གིས་མྱུར་དུ་འབྲེལ་ཡོད་སྡེ་ཁག་ལ་ཟས་རིགས་དང་རིམས་འགོག་དངོས་རྫས་བར་སྣང་ནང་འཕངས་ཏེ། མང་ཚོགས་ལ་བཟའ་རྒྱུའི་ཟས་ཡོད་པ་དང་འཐུང་རྒྱུའི་ཆུ་གཙང་མ་ཡོད་པར་བྱེད་དགོས་པའི་ཐུགས་རེ་བཏོན།

ལིས་ཁི་ཆང་གནས་སྐབས་སུ་མང་ཚོགས་བཀོད་སྒྲིག་བྱེད་སའི་རས་གུར་དུ་ཕེབས་ཏེ་གནོད་ཐེབས་མང་ཚོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་མཛད། ཁོང་གིས་ཚང་མར་ཏང་དང་སྲིད་གཞུང་གིས་ཚང་མར་སྔར་ལས་སྲ་བརྟན་ཡིན་པ་དང་སྔར་ལས་བཟང་བའི་ཁྱིམ་གཞི་བསྐྱར་འཛུགས་བྱེད་རོགས་བྱེད་ངེས་ཡིན་ཞེས་གསུངས།

ལིས་ཁི་ཆང་གནས་སྐབས་སྨན་བཅོས་བྱེད་སར་ཕེབས་ཏེ། སྨན་རྫས་མཁོ་འདོན་སོགས་ཀྱི་གནས་ཚུལ་ཞིབ་འདྲི་མཛད་པ་དང་། སྨན་བཅོས་མི་སྣས་རྨས་མ་རེ་རེར་སྨན་བཅོས་གང་ལེགས་བྱས་ནས། མི་སྣར་ཤི་རྨས་བྱུང་ཚད་ཇེ་དམའ་རུ་གཏོང་དགོས་པའི་མངགས་བཅོལ་གནང་། དུག་སེལ་ཆུ་སོགས་ཀྱིས་འདང་གིན་མེད་པ་མཐོང་ནས། ལིས་ཁི་ཆང་གིས་མྱུར་དུ་རིམས་འགོག་དངོས་རྫས་སྐྱེལ་འདྲེན་བྱེད་པ་དང་། རིམས་འགོག་བྱ་བ་ཕྱོགས་ཡོངས་ནས་དམ་འཛིན་བྱས་ཏེ། གནོད་འཚེ་ཆེན་པོའི་རྗེས་སུ་རིམས་ནད་ཆེན་པོ་མི་འབྱུང་བར་ཁག་ཐེག་བྱེད་དགོས་པའི་ཐུགས་རེ་བཏོན།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཝང་ཡཱང་དང་རྒྱལ་སྲིད་ཨུ་ཡོན་ཡཱང་ཅིན་གཉིས་ཀྱིས་མཉམ་དུ་གཟིགས་ཞིབ་མཛད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག