མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སློབ་གསོ་པུས་འོས་འགན་སློབ་གསོའི་སློབ་གྲྭའི་དོ་དམ་ཚད་གཞི་བཟོས་པ།

ས་ཁུལ་དང་གྲོང་ཁྱེར་དང་ཆུས་དང་རྫོང་7གྱི་དོ་དམ་ཚད་གཞིའི་ཚོད་ལྟའི་ཁུལ་བཏོད་པ།

  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།  2014-08-12 10:36

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་6ཉིན་གསར་འགོད་པས་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་གསལ།འོས་འགན་སློབ་གསོའི་བཅོས་སྒྲིག་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་ཁྲིམས་ལྟར་སློབ་གྲྭ་གཉེར་བ་དང་ཚན་རིག་དང་མཐུན་པའི་ངང་དོ་དམ་བྱ་རྒྱུར་སྐུལ་མ་གཏོང་ཆེད།ཉེ་དུས་སློབ་གསོ་པུས《འོས་འགན་སློབ་གསོའི་སློབ་གྲྭའི་དོ་དམ་ཚད་གཞི(ཚོད་ལྟར་སྤྱོད་རྒྱུ)》པར་འགྲེམས་བྱས་པ་རེད། ས་གནས་ཀྱིས་རང་འགུལ་ངང་རེ་ཞུ་བྱས་པའི་རྨང་གཞིའི་ཐོག་སློབ་གསོ་པུས་པེ་ཅིང་གྲོང་ཁྱེར་ཧའེ་ཏེན་ཆུས་དང་།ཧྲན་ཤིས་ཞིང་ཆེན་ལུའེ་ལེའང་གྲོང་ཁྱེར་དང་ཤའོ་དབྱི་གྲོང་ཁྱེར། ཅང་སུའུ་ཞིང་ཆེན་ཐའེ་ཀྲོའུ་གྲོང་ཁྱེར།ཧྲན་ཏུང་ཞིང་ཆེན་ཝུའེ་ཧའེ་གྲོང་ཁྱེར། ཧུའུ་པེ་ཞིང་ཆེན་དབྱི་ཁྲང་གྲོང་ཁྱེར་དང་དབྱི་ཏུའུ་གྲོང་ཁྱེར། སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་ཕུའུ་ཅང་རྫོང་། ཀུའེ་ཀྲོའུ་ཞིང་ཆེན་ཀུའེ་དབྱང་གྲོང་ཁྱེར་བཅས་ས་ཁུལ་དང་གྲོང་ཁྱེར་དང་ཆུས་དང་རྫོང་7དེ་དག་དོ་དམ་ཚད་གཞིའི་ཚོད་ལྟའི་ཁུལ་ལ་གཏན་འཁེལ་བྱས་པ་དང་། སློབ་གསོ་པུས་ཚོགས་འདུ་འཚོགས་ནས་ཚོད་ལྟའི་ཁུལ་གྱི་ལས་དོན་ཆེད་མངགས་བཀོད་སྒྲིག་བྱས་པ་རེད།

《འོས་འགན་སློབ་གསོའི་སློབ་གྲྭའི་དོ་དམ་ཚད་གཞི(ཚོད་ལྟར་སྤྱོད་རྒྱུ)》དེ་གཞི་རྩའི་ལྟ་བ་དང་། གཞི་རྩའི་ནང་དོན། ལག་བསྟར་བླང་བྱ་བཅས་ཁག་གསུམ་ལས་གྲུབ་ཡོད།འོས་འགན་སློབ་གསོའི་སློབ་གྲྭའི་དོ་དམ་ལས་དོན་གྱི་ཁྱད་ཆོས་ལ་དམིགས་ནས་དོ་དམ་ཚད་གཞི་དེ་སློབ་གྲྭའི་དོ་དམ་ལས་ཀའི་དོན་དངོས་ལ་གཞི་ཚུགས་ཏེ་སློབ་མ་དང་དགེ་རྒན་གཙོ་བོར་བྱས་ནས་དོ་དམ་འགན་འཁྲི་ཁག་དྲུག་བཀོད་སྒྲིག་བྱས་པ་དེ་དག་ནི་སློབ་མ་ཚང་མར་ལྟ་སྟངས་གཅིག་པ་འཛིན་པ་དང་། སློབ་མའི་སྤྱི་ཡོངས་འཕེལ་རྒྱས་ལ་སྐུལ་མ་གཏོང་བ།དགེ་རྒན་གྱི་ཆེད་ལས་འཕེལ་རྒྱས་ཐད་ཁྲིད་སྟོན་བྱེད་པ། སློབ་གསོའི་སློབ་ཁྲིད་སྤུས་ཚད་མཐོ་རུ་གཏོང་བ། ཞི་མཐུན་དང་བདེ་འཇགས་ཁོར་ཡུག་གཏོད་པ།དེང་རབས་སློབ་གྲྭའི་ལམ་ལུགས་འཛུགས་པ་བཅས་ཡིན་པར་དོ་དམ་གྱི་ལས་འགན་ཁག་22བཟོས་པ་དང་དོ་དམ་ལས་འགན་ལ་དོ་དམ་བླང་བྱ་ཁྱོན་92བཏོན་པ་དེ་དག་སློབ་གྲྭའི་དོ་དམ་གྱི་ཕྱོགས་གཙོ་བོའི་ཐད་སྤྱིར་ཁྱབ་ཡོད་པ་རེད།

ཚོད་ལྟའི་ཁུལ་7གྱི་ཚོད་ལྟའི་དུས་ཚོད་ནི་2014ལོའི་ཟླ་8པ་ནས་2016ལོའི་ཟླ་3པ་བར་སྤྱིར་གཏན་འཁེལ་ཟིན་པ་རེད། ཚོད་ལྟའི་ཁུལ་7དེ་དག་ས་ཁོངས་ཐད་ཧྭ་པེ་དང་།ཧྭ་ཤར། ཧྭ་ཀྲུང་། ལྷོ་ནུབ་བཅས་ཁུལ་ཆེན་བཞི་ལ་ཁྱབ་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཤར་རྒྱུད་དང་། དབུས་རྒྱུད། ནུབ་རྒྱུད་བཅས་ལ་ཁྱབ་པ། སྲིད་འཛིན་གྱི་རིམ་པའི་ཐད་ས་ཁུལ་རིམ་པའི་གྲོང་ཁྱེར་དང་། གྲོང་ཁྱེར་གྱི་ཁོངས་གཏོགས་ཁུལ(རྫོང) རྫོང་རིམ་པའི་གྲོང་ཁྱེར་བཅས་ལ་ཁྱབ་ནས་འོས་འགན་སློབ་གསོའི་སློབ་གྲྭ་1600ཙམ་ཡོད་པ་དེས་རྒྱལ་ཡོངས་ཀྱི་འོས་འགན་སློབ་གསོའི་སློབ་གྲྭའི་བསྡོམས་འབོར་གྱི་སྟོང་ཆ་དྲུག་བཟུང་སྟེ་དཔེ་མཚོན་རང་བཞིན་དང་མཚོན་བྱེད་རང་བཞིན་ལྡན་ཡོད་པ་རེད།

སློབ་གསོ་པུའི་འབྲེལ་ཡོད་འགན་འཁུར་བས་བརྗོད་དོན། དོ་དམ་ཚད་གཞི་བཟོས་པ་དེས་དེང་རབས་སློབ་གྲྭའི་ལམ་ལུགས་འཛུགས་རྒྱུར་སྐུལ་མ་ཐེབས་པ་དང་། དོ་དམ་ཆུ་ཚད་དང་ཕན་འབྲས་མཐོ་རུ་འགྲོ་རྒྱུ་རེད། མིག་སྔར་སློབ་གྲྭ་ཁག་གཅིག་གི་དོ་དམ་ཆུ་ཚད་དམའ་བ་དང་གནད་དོན་མངོན་གསལ་དོད་པོ་ཡོད། 2014ལོའི་ཟླ་5པར་པེ་ཅིང་དགེ་འོས་སློབ་ཆེན་གྱི་རྨང་གཞིའི་སློབ་གསོའི་སྤུས་ཚད་ལྟ་ཞིབ་ཚད་ལེན་གྱིས་གསར་གཏོད་ལྟེ་གནས་དང་མཉམ་དུ“འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་གྲྭའི་དགེ་ཚན་ལྡན་པའི་སེམས་ཁམས་ཁོར་ཡུག་སྟོན་གྲངས”ཁྱབ་བསྒྲགས་བྱས་པ་ལས་རང་རྒྱལ་གྱི་སློབ་གྲྭ་འབྲིང་ཆུང་11%“སེམས་ཁམས་ཁོར་ཡུག་གི་ཉེན་ཟོན་ཉེན་བརྡའི་ཚད་གཞི”ལས་དམའ་བར་གནས་པ་མངོན་ཡོད།སློབ་གྲྭའི་སྒྲིག་ལམ་དོ་དམ་དང་། དགེ་སློབ་ཀྱི་འབྲེལ་བ། སློབ་གྲོགས་དབར་གྱི་འབྲེལ་བ། སློབ་མས་རང་རྟོགས་ངང་འཕེལ་རྒྱས་གཏོང་བ་སོགས་མངོན་མེད་ཁོར་ཡུག་གི་སྟོན་གྲངས་ཐད་མངོན་གསལ་དོད་པའི་གནད་དོན་ལྡན་པ་དེས་སློབ་གྲྭའི་གཞི་རྩའི་དོ་དམ་གྱི་ཕྱོགས་ཚང་མར་མཛུབ་ཁྲིད་དང་ལེགས་བཅོས་འཕྲལ་མར་བྱེད་དགོས་ངེས་ཡིན་པ་གསལ་བཤད་བྱས་ཡོད། དོ་དམ་ཚད་གཞི་བཟོས་པ་དེས་སློབ་གྲྭས་སློབ་གསོའི་ཆོས་ཉིད་དང་སློབ་མའི་ལུས་སེམས་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་བརྩི་འཇོག་གིས་ཚན་རིག་དང་མཐུན་པའི་དོ་དམ་དང་དམངས་གཙོའི་དོ་དམ་བྱས་ཏེ་དོ་དམ་ལ་བརྟེན་ནས་མི་སྣ་སྐྱེད་སྲིང་བྱེད་པའི་ནུས་པ་འདོན་སྤེལ་བྱས་ཐོག་ཞི་མཐུན་གྱི་སློབ་གྲྭའི་རིག་གནས་གཏོད་པ་དང་སློབ་མའི་ཁྱོན་ཡོངས་འཕེལ་རྒྱས་ལ་སྐུལ་མ་གཏོང་རྒྱུར་ཕན་པ་ཐོབ་རྒྱུ་རེད། དོ་དམ་ཚད་གཞི་བཟོས་པ་དེས་སློབ་གྲྭའི་དོ་དམ་དེ་གང་ཞིག་ཐད་དོ་དམ་བྱེད་དགོས་པའི་གནད་དོན་སྤྱིར་ཐག་གཅོད་ཐུབ་ནས་སློབ་གྲྭས་ཁྲིམས་ལྟར་སློབ་གྲྭ་གཉེར་བ་དང་ཚན་རིག་དང་མཐུན་པའི་དོ་དམ་བྱེད་པར་དཔྱད་གཞི་དང་གཞི་འཛིན་ས་མཁོ་འདོན་ཐུབ་སྟེ་ས་གནས་ཀྱི་སློབ་གསོ་སྡེ་ཚན་གྱིས་སློབ་གྲྭའི་སློབ་གཉེར་བྱེད་ཚུལ་ཚད་ལྡན་བཟོ་རྒྱུར་ཕན་པ་ཐོབ་པ་དང་སློབ་གྲྭའི་དོ་དམ་ཆུ་ཚད་མཐོ་རུ་འགྲོ་རྒྱུ་རེད།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག