མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཐེ་ཝན་ཞི་བའི་གཅིག་གྱུར་ཚོགས་པའི་མཉམ་འབྲེལ་འཚམས་འདྲིའི་ཚོགས་པར་མཇལ་འཕྲད་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-27 12:12

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཚེས་ཉེར་དྲུག་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཐེ་ཝན་ཞི་བའི་གཅིག་གྱུར་ཚོགས་པའི་མཉམ་འབྲེལ་འཚམས་འདྲིའི་ཚོགས་པར་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཚེས་ཉེར་དྲུག་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཐེ་ཝན་ཞི་བའི་གཅིག་གྱུར་ཚོགས་པའི་མཉམ་འབྲེལ་འཚམས་འདྲིའི་ཚོགས་པར་མཇལ་འཕྲད་གནང་། ཞི་ཅིན་ཕེན་གིས་ཐོག་མར་འཚམས་འདྲིའི་ཚོགས་པའི་ཁོངས་མི་སོ་སོས་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་དང་རྒྱལ་ཁབ་ཀྱི་ཞི་བདེ་གཅིག་གྱུར་ལ་སྐུལ་འདེད་གཏོང་བར་བྱས་རྗེས་བཞག་པར་ཁས་ལེན་གང་ལེགས་མཛད། ཁོང་གིས་གསུངས་རྒྱུར། དེང་སྐབས་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བའི་ཕྱོགས་སུ་གནས་ཚུལ་གསར་བ་དང་གནད་དོན་གསར་བ་ཁ་ཤས་གནས་ཡོད་ནའང་ཞི་བདེ་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོ་ལ་འགྱུར་བ་མེད། མཚོ་འགག་འགྲམ་གཉིས་ཀྱིས་སྤུན་ཟླས་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་མཉམ་དུ་འབད་བརྩོན་བྱས་ནས། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བའི་འཕེལ་རྒྱས་སུ་འགྲོ་བར་མུ་མཐུད་དུ་སྐུལ་འདེད་གཏོང་དགོས་པར་མ་ཟད། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ཐད་ལ་མདུན་ལྗོངས་གསར་བ་ཞིག་གསར་སྐྲུན་བྱེད་དགོས་ཟེར།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། རྒྱལ་ཁབ་གཅིག་གྱུར་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཕྱོགས་སུ་སྐྱོད་པའི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཡིན་ལ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པ་ནི་ཉེ་བའི་དུས་རབས་ཀྱི་ཀྲུང་ཧྭ་མི་རིགས་ཀྱི་ཆེས་རླབས་ཆེ་བའི་ཕུགས་འདུན་ཡིན། དེང་སྐབས་ང་ཚོ་ལོ་རྒྱུས་སྟེང་གི་དུས་སྐབས་གང་རུང་དང་བསྡུར་ན་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་དམིགས་འབེན་དང་བར་ཐག་ཧ་ཅང་ཉེ་པས། དམིགས་འབེན་དེ་མངོན་འགྱུར་བྱེད་པར་ཡིད་ཆེས་སྔར་ལས་བརྟན་ཞིང་ནུས་པ་ཆེན་པོ་ཡོད། ཐེ་ཝན་སྤུན་ཟླས་སྐམ་ས་ཆེན་པོའི་སྤུན་ཟླ་དང་མཉམ་དུ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་ཀྱི་ཞི་བདེ་གཅིག་གྱུར་མངོན་འགྱུར་བྱེད་པའི་འཕེལ་རིམ་ཁྲོད་དུ་གོ་སྐབས་དམ་འཛིན་དང་ཕན་ཚུན་ལ་རོགས་སྐྱོར་བྱེད་པ་དང་། མཉམ་ལས་བཟང་བོ་བྱས་ནས་མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླ་རྣམས་ལ་ཞི་བའི་བདེ་འཇགས་དང་བདེ་སྐྱིད་ལྡན་པའི་འཚོ་བ་རོལ་དུ་འཇུག་དགོས་ཟེར།

ཐེ་ཝན་ཞི་བའི་གཅིག་གྱུར་ཚོགས་པའི་མི་སྣས་བཤད་རྒྱུར། མཚོ་འགག་འགྲམ་གཉིས་ཀྱིས་ཀྲུང་ཧྭ་དར་སྤེལ་དང་ཀྲུང་གོའི་ཕུགས་འདུན་མཉམ་དུ་མངོན་འགྱུར་བྱེད་པའི་འཐབ་ཇུས་ཀྱི་མཐོ་ཚད་ནས་རྒྱལ་ཁབ་ཀྱི་ཞི་བའི་གཅིག་གྱུར་ལ་ཡང་དག་པའི་ལྟ་ཚུལ་འཛིན་པ་དང་། ཕན་ཚུན་བར་གྱི་བརྩེ་དུང་ཇེ་ཟབ་ཏུ་གཏོང་དགོས་ལ། མཉམ་དུ་ཐེ་ཝན་རང་བཙུན་ལ་ངོ་རྒོལ་བྱས་ནས་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བའི་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག