ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པ་ཚེས་གསུམ་ཉིན་གྱི་ཕྱི་དྲོའི་དུས་ཚོད་གསུམ་གྱི་སྟེང་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་མགོ་བརྩམས་པ་དང་། ཡུས་ཀྲིན་ཧྲིན་གྱིས་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་བྱ་བའི་སྙན་ཞུ་ཕུལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པ་ཚེས་གསུམ་ཉིན་གྱི་ཕྱི་དྲོའི་དུས་ཚོད་གསུམ་གྱི་སྟེང་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་མགོ་བརྩམས་པ་དང་། རྒྱལ་ཡོངས་ཀྱི་སྲིད་གྲོས་ཨུ་ཡོན་སྟོང་གཉིས་དང་བརྒྱ་དང་ང་གསུམ་ཚོགས་ཆེན་ལ་ཞུགས།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཆིན་ལིན་དང་ཧན་ཆི་ཏི། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ཏུང་ཅན་ཧྭ། ཝན་ཀང་། ལིན་ཝུན་དབྱིས། ལོ་ཧྥུའུ་ཧི། ཧི་ཧིག་ཧྭ། ཀྲང་ཆིན་ལིས། ལིས་ཧེ་ཧྥུན། ཁྲིན་ཡོན། ལུའུ་ཀྲན་ཀོང་། ཀྲིག་ཞོ་ཁྲོན། ཝང་ཅ་རོས། ཝང་ཀྲིན་ཝེ། མ་པེའོ། ཆི་ཞུའུ་ཁྲུང་། ཁྲིན་ཞོ་ཀོང་། མ་ཕེ་ཧྭ། ལིག་ཞོ་ཧྥུན། ཝང་ཆན་མེན་བཅས་ཀྲུའུ་ཞིའི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད།

ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཞི་ཅིན་ཕེན་དང་ལིས་ཁི་ཆང་། ཀྲང་ཏི་ཅང་། ལིག་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལིས་སོགས་ཀྲུའུ་ཞིའི་སྟེགས་བའི་སྟེང་བཞུགས་ཡོད།

ཏུའུ་ཆིན་ལིན་གྱིས་ཚོགས་ཆེན་མགོ་བརྩམས་པ་ཁྱབ་བསྒྲགས་བྱས། ཚོགས་ཆེན་སྟེང་ཐོག་མར་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་རིམ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

ཡུས་ཀྲིན་ཧྲིན་གྱིས་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་ཚོགས་ཆེན་ལ་བྱ་བའི་སྙན་ཞུ་ཕུལ། ཡུས་ཀྲིན་ཧྲིན་གྱིས་གསུངས་རྒྱུར། ཉིས་སྟོང་བཅུ་བཞི་ལོ་ནི་ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་ལོ་དང་པོ་ཡིན་ལ། མི་དམངས་སྲིད་གྲོས་ཀྱི་ལས་དོན་གསར་སྐྲུན་འཕེལ་རྒྱས་སུ་བཏང་བའི་ལོ་གལ་ཆེན་ཞིག་ཀྱང་ཡིན། བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་ཡང་དག་བའི་མགོ་ཁྲིད་འོག སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་བའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་ནན་མོ་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་ནན་མོ་བྱས་པ་དང་། མི་དམངས་སྲིད་གྲོས་ལ་ཞུགས་པའི་ཏང་ཁག་སོ་སོའི་ཚོགས་པ་དང་རིགས་སོ་སོ་དང་ལས་རིགས་སོ་སོའི་མི་སྣ་དང་མཐུན་སྒྲིལ་དམ་པོ་བྱས་ཏེ། རྒྱལ་གཅེས་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་པ་དང་། མཐུན་སྒྲིལ་དང་དམངས་གཙོ་རྒྱུན་འཁྱོངས་བྱེད་པའི་བརྗོད་དོན་ཆེན་པོ་གཉིས་ལ་དམིགས་ནས་དཀྱིལ་སྙིང་གཞིར་འཛིན་པ་དང་ཁྱོན་ཡོངས་ལ་ཞབས་ཕྱི་བསྒྲུབས་ཤིང་། བཅོས་སྒྱུར་འཕེལ་རྒྱས་ཀྱི་འགན་ནུས་ལག་བསྟར་བྱས་པ་དང་། སྲིད་གྲོས་གྲོས་མོལ་དམངས་གཙོའི་ཁྱད་སྟོབས་འདོན་སྤེལ་བྱེད་པར་སྐུལ་འདེད་བཏང་ཞིང་འགན་ནུས་ལག་བསྟར་ནུས་པ་ཇེ་ཆེར་བཏང་སྟེ་ཕན་འབྲས་ཇེ་མཐོར་བཏང་བ་དང་བྱ་བ་སྣ་ཚོགས་ཐད་ནས་གྲུབ་འབྲས་གསར་བ་བླངས་ནས། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གོང་འཕེལ་དུ་འགྲོ་བར་བྱས་རྗེས་ཆེན་པོ་བཞག་ཟེར།

ཡུས་ཀྲིན་ཧྲིན་གྱིས་ཕྱོགས་བརྒྱད་ཐད་ནས་འདས་པའི་ལོ་གཅིག་ནང་གི་མི་དམངས་སྲིད་གྲོས་ཀྱི་བྱ་བར་སྤྱི་སྡོམ་བྱས། གཅིག བསམ་བློ་རིགས་གཞུང་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་རྒྱུན་འཁྱོངས་བྱས། གཉིས། བཅོས་བསྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པའི་ཐད་བློ་འདོན་ཇུས་འབུལ་བྱས་ནས། བཅོས་བསྒྱུར་གྱི་བྱེད་ཐབས་གལ་ཆེན་བདེ་བླག་ངང་ལག་བསྟར་བྱེད་པར་སྐུལ་འདེད་བྱས། གསུམ། དཔལ་འབྱོར་འཕེལ་རྒྱས་ཀྱི་གནད་དོན་གལ་ཆེན་དང་དམིགས་ནས་ཆབ་སྲིད་བློ་འདྲི་དང་བློ་འདོན་བྱས་ཏེ། དཔལ་འབྱོར་བརྟན་བརླིང་དང་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བྱས། བཞི། མི་དམངས་ཀྱི་ཆེད་དུ་འགན་ནུས་སྒྲུབ་པར་རྒྱུན་འཁྱོངས་བྱས་ནས། དམངས་ཚིས་ལེགས་བསྒྱུར་དང་སྤྱི་ཚོགས་འཆམ་མཐུན་གཏན་འཇགས་ལ་ཡར་སྐུལ་བྱས། ལྔ། གཟའ་འཁོར་གཉིས་ཀྱི་གྲོས་མོལ་བཞུགས་མོལ་ཚོགས་འདུ་སོགས་ཀྱི་གྲོས་མོལ་བྱེད་སྟངས་འཐུས་ཚང་དུ་བཏང་སྟེ། གྲོས་མོལ་གྱི་ཕན་འབྲས་ཇེ་མཐོར་བཏང་། དྲུག འབྲེལ་འདྲིས་བརྗེ་རེས་གཏིང་ཟབ་ཏུ་སྤེལ་ནས། ཞང་ཀང་དང་ཨོ་མིན། ཐེ་ཝན་སྤུན་ཟླའི་བར་གྱི་མཐུན་སྒྲིལ་དང་མཉམ་འབྲེལ་ལ་ཤུགས་བསྣན། བདུན། མི་དམངས་སྲིད་གྲོས་ཀྱི་ཕྱི་ཕྱོགས་འགྲོ་འོང་སྤེལ་ནས། ཧུར་ཐག་གིས་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཐད་ཕྱི་རོལ་གྱི་ཁོར་ཡུག་བཟང་བོ་བསྐྲུན། བརྒྱད། ཉིན་རྒྱུན་རང་བཞིན་གྱི་བྱ་བར་ཤུགས་སྣོན་པ་དང་ལེགས་བསྒྱུར་བྱས་ནས། ཚན་རིག་ཅན་གྱི་ཆུ་ཚད་སྔར་ལས་མཐོར་འདེགས་བྱས།

ཡུས་ཀྲིན་ཧྲིན་གྱིས་བསྟན་དོན། ཉིས་སྟོང་བཅོ་ལྔ་ལོ་ནི་བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་པའི་གནད་འགག་གི་ལོ་ཞིག་ཡིན་པ་དང་། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཡར་སྐུལ་བྱེད་པའི་མགོ་རྩོམ་པའི་ལོ་ཡིན་ལ། ཁྱོན་ཡོངས་ནས“ལོ་ལྔའི་འཆར་གཞི་བཅུ་གཉིས་པ”ཡོངས་འགྲུབ་བྱས་ནས་མཇུག་སྒྲིལ་བའི་ལོ་ཡང་རེད། མི་དམངས་སྲིད་གྲོས་ཀྱི་བྱ་བའི་སྤྱིའི་རེ་བ་ནི། ཁྱོན་ཡོངས་ནས་ཀྲུང་གུང་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་བའི་དགོངས་དོན་ལག་བསྟར་དངོས་འབེབས་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་རབ་དང་རིམ་པ་ལག་བསྟར་དངོས་འབེབས་བྱེད་པ་དང་། བརྟན་འཇགས་ཁྲོད་ནས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་དམིགས་འབེན་རྒྱུན་འཁྱོངས་བྱེད་པ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་ལེགས་འགྲུབ་བྱེད་པ་དང་། ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ།ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་བྱེད་པ།ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་འགན་འཁྲིའི་ནུས་པ་མཐུན་སྦྱོར་ངང་ཡར་སྐུལ་བྱེད་པ་དང་དམ་པོར་དམིགས་ནས། དམངས་གཙོ་གྲོས་མོལ་ལ་ཤུགས་སྣོན་གསར་བ་ཡོད་དགོས་པ་དང་། དམངས་གཙོ་ལྟ་ཞིབ་ལ་བྱེད་ཐབས་གསར་བ་ཡོད་པ། ལམ་ལུགས་འཛུགས་སྐྲུན་ལ་འཕེལ་རིམ་གསར་བ་ཡོད་པར་བྱེད་པ། མཐུན་སྒྲིལ་ཇེ་དམ་དུ་གཏོང་བར་བྱས་རྗེས་གསར་བ་འཇོག་དགོས་པ་དང་། འགན་འཁྲིའི་ནུས་པར་མཐོར་འདེགས་གསར་བ་ཡོད་པར་བྱས་ཏེ། སྔར་ལས་མི་དམངས་སྲིད་གྲོས་ཀྱི་ལས་དོན་མདུན་དུ་སྐུལ་དགོས་

ཉིས་སྟོང་བཅོ་ལྔ་ལོའི་བྱ་བའི་བཀོད་སྒྲིག་གླེང་སྐབས། ཡུས་ཀྲིན་ཧྲིན་གྱིས་བསྟན་དོན། ཀྲུང་གུང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་མི་དམངས་སྲིད་གྲོས་དབུ་བརྙེས་ནས་ལོ་འཁོར་རེ་ལྔ་ལོན་པར་རྟེན་འབྲེལ་ཞུས་པའི་ཚོགས་ཆེན་སྟེང་གནང་བའི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ནན་མོ་དང་ལག་བསྟར་ནན་མོ་བྱེད་དགོས་པ་དང་། བཅོས་སྒྱུར་འཕེལ་རྒྱས་ཐད་ལ་བློ་འདོན་ཇུས་འབུལ་བྱེད་པ། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་དང་ཡར་སྐུལ་བྱེད་པར་ཇུས་འདོན་ཤུགས་འདོན་བྱེད་པ། དམངས་གཙོ་ལྟ་སྐུལ་འགན་ནུས་ཇེ་དྲག་ཏུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་དྲང་ཕྱོགས་ཀྱི་ནུས་ཚད་གཅིག་བསྡུས་བྱས་ནས་ཤུགས་ཆེན་པོས་བྱ་བའི་གསར་གཏོད་ལ་སྐུལ་འདེད་གཏོང་དགོས་ཟེར།

ཡུས་ཀྲིན་ཧྲིན་གྱིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱིས་མི་དམངས་སྲིད་གྲོས་བཙུགས་ནས་ལོ་འཁོར་རེ་ལྔ་ལོན་པར་དགའ་སྟོན་རྟེན་འབྲེལ་ཞུ་བའི་མཛད་སྒོའི་སྟེང་གནང་བའི་གསུང་བཤད་གལ་ཆེན་དང«ཀྲུང་གུང་ཀྲུང་དབྱང་གིས་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་གྲོས་མོལ་བྱ་བ་འཛུགས་སྐྲུན་ལ་ཤུགས་སྣོན་དགོས་པའི་སྐོར་གྱི་དགོངས་འཆར»གཉིས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་གྲོས་མོལ་ཐད་ཐབས་ཇུས་བཀོད་སྒྲིག་གང་ལེགས་བྱས་ཡོད་པ་མ་ཟད། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཕེལ་རྒྱས་སུ་གཏོང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་ཡོན་ཆབ་སྲིད་འཛུགས་སྐྲུན་ཐད་དོན་སྙིང་ངེས་ཅན་ལྡན་པས་ན། མི་དམངས་སྲིད་གྲོས་ཀྱིས་ངེས་པར་ནན་ཏན་ཆེན་པོས་ཀྲུང་གུང་ཀྲུང་དབྱང་གི་བླང་བྱ་ལྟར། བཅོས་སྒྱུར་གསར་སྐྲུན་གྱི་བྱ་བ་ལྷོད་མེད་རྒྱུན་འཁྱོངས་དང་། ལམ་ལུགས་འཛུགས་སྐྲུན་གྱི་བྱ་བར་ཤུགས་སྣོན་ཆེན་པོ་བྱེད་པ། ལས་རྐང་གི་བྱ་བ་སྒྲུབ་པའི་ནུས་པ་སྔར་ལས་མཐོར་འདེགས་སུ་གཏོང་བ་བཅས་ལ་འབད་མཐར། གོང་གི་དོན་བྱ་འདི་གསུམ་ནི་དམངས་གཙོ་གྲོས་མོལ་གྱི་བརྒྱུད་ལམ་གལ་ཆེན་དང་གྲོས་མོལ་ལས་ཁུངས་ཁག་གི་ཆེད་སྤྱོད་ཐབས་ལམ་ལ་བལྟས་ནས། དམངས་གཙོ་གྲོས་མོལ་གྱི་བྱ་བ་རིམ་པ་མང་ལ་རྒྱ་ཆེ་བའི་ལམ་ལུགས་ཀྱི་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་དགོས་པ་ལས་གཞན། ད་དུང་རྒྱལ་ཁབ་བཅོས་སྐྱོང་གི་མ་ལག་དང་བཅོས་སྐྱོང་གི་བྱེད་ནུས་དེ་དེང་རབས་ཅན་ལ་འགྱུར་བར་ཡར་སྐུལ་གཏོང་ཐུབ་དགོས་ཟེར།

སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཆི་ཞུས་ཁྲོན་གྱིས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པ་ཚོགས་པའི་ཚུན་གྱི་གྲོས་འདོན་བྱ་བའི་གནས་ཚུལ་སྙན་ཞུ་ཕུལ། སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པ་བསྡུས་པའི་ཚུན་ཆད་ལ། སྲིད་གྲོས་ཨུ་ཡོན། སྲིད་གྲོས་བྱ་བར་ཞུགས་མཁན་གྱི་ལས་ཁུངས་སོ་སོ། ཆེད་དམིགས་ཨུ་ཡོན་ལྷན་ཁང་སོ་སོ་བཅས་ཀྱིས་ནན་ཏན་ཆེན་པོས་ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ། ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་བཅས་ཀྱི་དགོངས་དོན་ལ་ལག་བསྟར་དོན་འཁྱོལ་བཟང་བོ་བྱས་ཏེ། བཅོས་སྒྱུར་འཕེལ་རྒྱས་དང་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་གནད་དོན་གལ་ཆེན་ལ་སྟོབས་ཤུགས་གཅིག་བསྡུས་བྱས་ནས། གྲོས་འདོན་བྱ་བའི་ལག་བསྟར་བྱེད་ཤུགས་སྔར་ལས་ཇེ་མཐོར་བཏང་། ལོ་ངོ་གཅིག་གི་ནང་དུ། ཁྱོན་བསྡོམས་གྲོས་གཞི་སྟོང་དྲུག་དང་བརྒྱ་བཅུ་མེད་གཅིག་བཏོན་པ་དང་། དེའི་ཁྲོད་དུ་ཚོགས་ཆེན་གྱི་གྲོས་གཞི་ཁྱོན་བསྡོམས་སྟོང་ལྔ་དང་བརྒྱད་བརྒྱ་དོན་ལྔ་ཡོད་ཅིང་། གཞན་གྱི་གྲོས་གཞི་ཉིས་བརྒྱ་ཉེར་དྲུག་ཡོད། ཞིབ་བཤེར་ནན་མོ་བྱས་པ་བརྒྱུད། ཁྱོན་བསྡོམས་གྱོད་དོན་སྟོང་ལྔ་དང་ང་གཉིས་ཁྲོད་དུ་ཨུ་ཡོན་གྲོས་གཞི་སྟོང་བཞི་དང་དྲུག་བརྒྱ་རེ་གསུམ་བཏོན་པ་དང་། དམངས་གཙོའི་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ། སྲིད་གྲོས་ཕྱོགས་ཀྱི་ཆེད་དམིགས་ཨུ་ཡོན་ལྷན་ཁང་སོགས་ཀྱིས་ཁྱོན་བསྡོམས་གྲོས་གཞི་སུམ་བརྒྱ་གྱ་དགུ་བཏོན་ཡོད། སྤྱིའི་ཆ་ནས་བལྟས་ན། གྲོས་གཞི་བཏོན་པའི་ནང་དོན་སྣ་མང་ཕུན་སུམ་ཚོགས་ལ་གཙོ་གནད་འབུར་དུ་ཐོན་པ། གནད་དོན་བཏོན་པའི་ནང་དོན་གསར་ཤོས་ཆེ་བ། གྲོས་གཞི་བཏོན་པའི་ཁ་གཏོད་ཡུལ་དྲག་པོ་བཅས་ཡིན་པས། དེས་སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་བྱ་བར་ཞུགས་མཁན་ལས་ཁུངས་སོ་སོའི་འགན་འཁྲིའི་འདུ་ཤེས་དྲག་པོ་མངོན་པར་མཚོན་ཡོད། ཉིས་སྟོང་བཅོ་ལྔ་ལོའི་ཟླ་གཉིས་པའི་ཚེས་ཉུ་ཤུའི་བར་དུ། གྲོས་གཞི་སྟོང་ལྔ་དང་ཞེ་དྲུག་ལྷག་ཐག་གཅོད་གཙང་མ་བྱས་ཤིང་། ཐག་གཅོད་བྱས་ཚད་བརྒྱ་ཆའི་གོ་དགུ་ཡན་ལ་བསླེབས།ཀྲུང་གུང་ཀྲུང་དབྱང་དང་རྒྱལ་ཡོངས་དམངས་ཆེན། རྒྱལ་སྲིད་སྤྱི་ཁྱབ་ཁང་བཅས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་མི་སྣ་བཅས་མཛད་སྒོའི་ཚོགས་ཆེན་སྟེང་གདན་དྲངས་པ་ལྟར་ཞུགས། ཀྲུང་གོར་སྡོད་པའི་རྒྱལ་ཁབ་ཁག་གི་གཞུང་ཚབ་པ་གདན་ཞུས་གནང་བ་ལྟར་ཟུར་ཞུགས་བྱས།   ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།

ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ70འཁོར་བའི་དྲན་གསོའི་ཚོགས་ཆེན་དེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྤེལ་བ།

ལིག་ཡུན་ཧྲན་གྱིས་པེ་ཏེ་ཧི་ནས་དབྱར་ཁར་ངལ་གསོ་བྱེད་བཞིན་པའི་ཆེད་མཁས་པ་རྣམས་ལ་འཚམས་འདྲི་མཛད།