ཀྲུང་གོ་བོད་ཀྱི་དྲ་བ།

ཀྲི་ཅཱ་ཀི་ནས་ཡེ་ཤུའི་འཁྲུངས་སྐར་སྐབས་སུ་མེ་མདས་བརྒྱབ་པའི་དོན་རྐྱེན་ཐེངས་ཉེར་བདུན་བྱུང་སྟེ་མི་བཅུ་གཉིས་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-12-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ད་ལོའི་ཡེ་ཤུའི་འཁྲུངས་སྐར་སྐབས་སུ་ཨ་མེ་རི་ཁའི་གྲོང་ཁྱེར་ཆེན་མོ་གསུམ་པ་ཀྲི་ཅཱ་ཀི་ནས་མེ་མདས་བརྒྱབ་པའི་དོན་རྐྱེན་ཐེངས་ཉེར་བདུན་བྱུང་སྟེ། མི་བཅུ་གཉིས་རྐྱེན་ལམ་དུ་ཤོར།

ཀྲི་ཅཱ་ཀིའི་ཉེན་རྟོག་ཕྱོགས་ཀྱི་མཐོ་རིམ་དཔོན་པོ་ཡོ་ཧན་ཞོན་གྱིས་ཚེས་ཉེར་དྲུག་ཉིན་བཤད་རྒྱུར། མེ་མདས་བརྒྱབ་པའི་དོན་རྐྱེན་དེ་གཙོ་བོ་ཕྱོགས་ཁག་བར་གྱི་འཁྲུག་རྩོད་ལོ་རྒྱུས་ལྡན་པའི་ཀྲི་ཅཱ་ཀིའི་མཁར་ནུབ་དང་མཁར་ལྷོ་ས་ཁུལ་ནས་བྱུང་བ་དང་། མང་ཆེ་བ་ནི་ནག་ཚོགས་བར་གྱི་དམིགས་སའི་རང་བཞིན་ལྡན་པའི་འཁྲུག་རྩོད་རེད། འཇབ་རྒོལ་མཁན་གྱིས་དགྲ་རུ་གྱུར་བའི་ཕྱོགས་ཁག་གི་ཁོངས་མིས་ཁྱིམ་མི་དང་གྲོགས་པོ་ཚོ་དང་མཉམ་དུ་དུས་སྟོན་ལ་རོལ་སྲིད་པ་གསལ་བོར་ཤེས་ཡོད་པས། འཆར་གཞི་ཡོད་པའི་སྒོ་ནས་དོན་རྐྱེན་བཟོས་ཏེ་འཁོན་ལན་སློག་པ་རེད།

ཡོ་ཧན་ཞོན་གྱི་བཤད་ཚུལ་ལྟར་ན། མེ་མདས་བརྒྱབ་སྟེ་བསད་པའི་མི་བཅུ་ཆའི་དགུ་ཙམ་ནག་ཚོགས་ལ་འབྲེལ་བ་ཡོད་པ་རེད། བདེ་འཇགས་མཚན་མོ་དང་ཡེ་ཤུའི་འཁྲུངས་སྐར་གྱི་ཉིན་མོང་ཉེན་རྟོག་ཕྱོགས་ཀྱིས་བསྡོམས་པས་མེ་མདའ་ཞེ་ལྔ་གཞུང་བཞེས་བྱས་ཡོད། ཡོ་ཧན་ཞོན་གྱིས་ཀྲི་ཅཱ་ཀིའི་སྲིད་གཞུང་གིས་མེ་མདའ་ལ་ཚོད་འཛིན་བྱེད་པའི་བཅའ་ཁྲིམས་འཛུགས་པར་ཤུགས་སྣོན་བྱེད་དགོས་པ་དང་། ཁྱད་པར་དུ་མེ་མདས་བརྒྱབ་པའི་དྲག་ཤུགས་དོན་རྐྱེན་བཟོ་མཁན་གྱི་ཆད་གཅོད་ཤུགས་ཚད་ཇེ་ཆེར་གཏོང་དགོས་པའི་འབོད་སྐུལ་བཏང་།

ཀྲི་ཅཱ་ཀིའི་ད་ལོའི་དམར་གསོད་གྱོད་དོན་ལྡབ་འགྱུར་གྱིས་ཇེ་མང་དུ་སོང་ཡོད་པ་དང་། ཉེན་རྟོག་ཕྱོགས་ཀྱིས་ཁྱབ་སྒྲོག་བྱས་པའི་ཁ་གྲངས་ནི་ཧ་ལས་པ་ཞིག་རེད། ཟླ་དང་པོའི་ཚེས་གཅིག་ནས་ཟླ་བཅུ་གཉིས་པའི་ཚེས་ཉེར་ལྔ་ཉིན་བར། ཀྲི་ཅཱ་ཀི་གྲོང་ཁྱེར་ནས་བསྡོམས་པས་ལྐོག་གསོད་དོན་རྐྱེན་བདུན་བརྒྱ་དང་ང་གསུམ་བྱུང་བ་དང་། ཉེ་བའི་ལོ་ངོ་ཉི་ཤུའི་རིང་ཐོག་དང་པོར་བདུན་བརྒྱ་ལས་བརྒལ་བ་རེད་ཟེར། མེ་མདས་བརྒྱབ་པའི་དོན་རྐྱེན་ཐེངས་སྟོང་གསུམ་དང་བཞི་བརྒྱ་གོ་ལྔ་བྱུང་བ་དང་། ན་ནིང་གི་དུས་མཉམ་གྱི་ལྐོག་གསོད་དང་མེ་མདས་བརྒྱབ་པའི་དོན་རྐྱེན་ལས་སོ་སོར་བཞི་བརྒྱ་དང་དོན་བརྒྱད་དང་། སྟོང་གཉིས་དང་སུམ་བརྒྱ་གོ་གསུམ་གྱིས་ཇེ་མང་ལ་སོང་ཡོད།

ཀྲི་ཅཱ་ཀིའི་མི་གྲངས་ས་ཡ་གཉིས་དང་འབུམ་བདུན་ཡིན་པ་དང་། ཨ་མེ་རི་ཁའི་ཉིག་ཡོ་གྲོང་ཁྱེར་དང་ལོ་ཧྲན་ཅི་གྲོང་ཁྱེར་ལས་ཉུང་བ་ཡིན་ཡང་། ས་ཁུལ་གསུམ་གྱི་ཉེན་རྟོག་ཕྱོགས་ཀྱི་གཞི་གྲངས་ལྟར་ན། ཀྲི་ཅཱ་ཀི་ནས་ད་ལོར་བྱུང་བའི་ལྐོག་གསོད་གྱོད་དོན་ཉིག་ཡོ་དང་ལོ་ཧྲན་ཅི་གྲོང་ཁྱེར་གྱི་བསྡོམ་གྲངས་ལས་ཀྱང་མང་བར་མངོན།

ཀྲི་ཅཱ་ཀི་ཡིས་ཕྱིན་ཆད་ཀྱི་ལོ་གཉིས་ནང་ཉེན་རྟོག་པ་སྟོང་གཅིག་ཙམ་ཁ་སྣོན་བྱས་ཏེ་ནག་ཉེས་གྱོད་དོན་ཇེ་མང་དུ་འགྲོ་བའི་གནད་དོན་ཐག་གཅོད་བྱེད་རྒྱུའི་འཆར་གཞི་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།