ཀྲུང་གོ་བོད་ཀྱི་དྲ་བ།

ཕཱ་ཁི་སི་ཐན་གྱིས་ཆོས་ལུགས་ཀྱི་ཆོ་ག་སྤེལ་སའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་བཟོ་མཁན་གྱི་དོགས་ཡོད་ཉེས་ཅན་ལྔ་འཛིན་བཟུང་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-02-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཕཱ་ཁི་སི་ཐན་ལྷོ་ཕྱོགས་ཀྱི་ཞིན་ཏི་ཞིང་ཆེན་གྱི་ཉེན་རྟོག་དཔོན་པོ་ཧི་ཝ་ཅཱ་ཡིས་ཚེས་བཅུ་དགུའི་ཉིན་བཤད་རྒྱུར། ཕཱ་ཁི་སི་ཐན་ཁྲིམས་འཛིན་སྡེ་ཁག་གིས་ཞིང་ཆེན་དེའི་ཆོས་ལུགས་སྤེལ་ས་ཞིག་ནས་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་བཟོ་མཁན་གྱི་དོགས་ཡོད་ཉེས་ཅན་ལྔ་འཛིན་བཟུང་བྱས་ཡོད་ཟེར།

ཧི་ཝ་ཅཱ་ཡིས་བཤད་རྒྱུར། ཁྲིམས་འཛིན་སྡེ་ཁག་གིས་གསང་འཕྲིན་ལ་གཞིགས་ཏེ་ཞིན་ཏི་ཞིང་ཆེན་དང་པུས་ལུའུ་ཀྲི་ཞིང་ཆེན་གྱི་འབྲེལ་མཚམས་ས་ཁུལ་དུ་འགུལ་སྐྱོད་ཐེངས་མང་སྤེལ་ནས། ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོ་བར་རོགས་རམ་བྱས་པའི་དོགས་ཡོད་ཉེས་ཅན་གསུམ་འཛིན་བཟུང་བྱས་པས། འཛིན་བཟུང་བྱས་པའི་དོགས་ཡོད་ཉེས་ཅན་མི་ལྔར་བསླེབ་ཡོད་ཟེར།

ཧི་ཝ་ཅཱ་ཡིས་བཤད་རྒྱུར། ཕཱ་ཁི་སི་ཐན་བདེ་འཇགས་སྡེ་ཁག་གིས་ཆོས་ལུགས་ཆོ་ག་སྤེལ་སའི་ལྟ་རྟོག་བརྙན་རིས་བརྒྱུད་དེ་རང་སྲོག་གཅོད་པའི་འཇབ་རྒོལ་མཁན་ངོས་བཟུང་བྱས་པ་ཡིན་ཟེར་ཡང་། ཁོས་རང་སྲོག་གཅོད་པའི་འཇབ་རྒོལ་མཁན་དང་འབྲེལ་བའི་རྟོག་ཞིབ་བྱ་བའི་བྱེ་བྲག་གི་གནད་དོན་མང་བོ་བཤད་མེད།

ཚེས་བཅུ་གསུམ་ཉིན་ནས་ཚེས་བཅུ་དྲུག་ཉིན་བར། ཕཱ་ཁི་སི་ཐན་གྱི་ས་ཁུལ་མང་བོ་ཞིག་ནས་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི་བརྒྱ་དང་བཅུ་བདུན་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱ་ཕྲག་འགར་རྨས་ཕོག ཁྱད་པར་དུ་ཚེས་བཅུ་དྲུག་ཉིན་གྱི་དགོང་མོར་ཞིན་ཏི་ཞིང་ཆེན་གྱི་སེ་ཧི་ཝན་ས་ཁུལ་གྱི་ཆོས་ལུགས་ཆོ་ག་སྤེལ་ས་ཞིག་ནས་རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི་གྱ་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་སུམ་བརྒྱ་དང་ཞེ་གསུམ་ལ་རྨས་ཕོག་ཡོད།

ཕཱ་ཁི་སི་ཐན་སྐམ་དམག་གི་ཇུས་འདོན་དཔོན་པོ་པཱ་ཅེ་ཝ་ཡིས་ཚེས་བཅུ་དྲུག་ཉིན་གསལ་སྒྲོག་སྤེལ་ཏེ། ཨ་ཧྥུའུ་ཧན་དུ་སྦས་སྐོང་བྱེད་པའི་འཇིགས་སྐུལ་ཉེས་ཅན་གྱིས་ཕཱ་ཁི་སི་ཐན་ལ་དམིགས་པའི་འཇབ་རྒོལ་དོན་རྐྱེན་བཟོས་པར་རྒོལ་གཏམ་བཏང་བ་དང་། དམག་ཕྱོགས་ཀྱིས་ཕཱ་ཁི་སི་ཐན་དང་ཨ་ཧྥུའུ་ཧན་རྒྱལ་ཁབ་གཉིས་ཀྱི་རྒྱལ་མཚམས་བཀག་སྡོམ་བྱེད་དགོས་པར་མ་ཟད། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནས་གཞི་རྒྱ་ཆེ་བའི་གཙང་ཕྱགས་འགུལ་སྐྱོད་སྤེལ་དགོས་པའི་རེ་བ་བཏོན།

ཚེས་བཅུ་བདུན་ཉིན། ཕཱ་ཁི་སི་ཐན་དམག་ཕྱོགས་ཀྱིས་ཨ་ཧྥུའུ་ཧན་ལ་མིག་སྔར་ཨ་ཧྥུའུ་ཧན་གྱི་མངའ་ཁོངས་སུ་སྦས་སྐོང་བྱས་ཡོད་པའི་འཇིགས་སྐུལ་ཉེས་ཅན་གྱི་མིང་ཐོ་ཞིག་སྤྲད་པ་དང་། ཨ་ཧྥུའུ་ཧན་སྲིད་གཞུང་གིས་ཕཱ་ཁི་སི་ཐན་གྱིས་འཛིན་བཟུང་བྱེད་པའི་འཇིགས་སྐུལ་ཉེས་ཅན་གཙོ་བོ་དོན་དྲུག་ཕཱ་ཁི་སི་ཐན་ལ་སྤྲོད་དགོས་པའི་རེ་བ་བཏོན།

ཕཱ་ཁི་སི་ཐན་གྱི་ཙུང་ལི་ཞེ་ལི་ཧྥུའུ་ཡིས་ཕཱ་ཁི་སི་ཐན་དམག་དཔུང་དང་ཁྲིམས་འཛིན་སྡེ་ཁག་གིས་རྒྱལ་ཁབ་ཀྱི་སྟོབས་ཤུགས་ཡོད་ཚད་བཏོན་ནས་འཇིགས་སྐུལ་ཉེས་ཅན་རྩ་མེད་དུ་གཏོང་དགོས་པའི་རེ་བ་བཏོན།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།