ཀྲུང་གོ་བོད་ཀྱི་དྲ་བ།

ཧན་གོ་ཡིས་ཟླ5བའི་ཚེས9ཡི་ཉིན་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོའི་ཙུང་ཐུང་གི་ཚབ་ཏུ་འགན་དབང་ཁུར་བའི་རྒྱལ་སྲིད་ཙུང་ལི་ཧོང་ཅའོ་ཨན་གྱིས་ཚེས་བཅོ་ལྔ་ཉིན་ཁྱབ་སྒྲོག་བྱས་དོན། ཧན་གོའི་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་དེ་ཟླ་ལྔ་བའི་ཚེས་དགུའི་ཉིན་སྤེལ་རྒྱུ་ཡིན་པ་དང་། སྔོན་ཆད་ཀྱི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱི་རྒྱུན་འཛིན་པ་འདེམ་རྒྱུ་ཡིན་ཟེར།

ཧོང་ཅའོ་ཨན་གྱིས་ཉིན་དེར་གནས་སྐབས་ཀྱི་རྒྱལ་སྲིད་གྲོས་ཚོགས་སྟེང་བཤད་རྒྱུར། མིག་སྔའི་གནས་བབ་འོག རྒྱལ་ཁབ་ཀྱི་ཉམས་ཉེན་དང་རྒྱལ་སྐྱོང་སྲིད་འཛིན་ལ་ནོར་འཆུག་སྤུ་ཙམ་ཡང་འབྱུང་མི་རུང་བ་དང་། རྒྱལ་སྲིད་འཁོར་སྐྱོད་དང་འདེམ་བསྐོའི་བྱ་འགུལ་ལ་དྲང་བདེན་ཡོང་བའི་ཆེད་དུ། ཁོ་རང་ཉིད་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་ལ་ཞུགས་པར་འོས་འཚམ་མིན་ཟེར། དེའི་སྔོན་ཧོང་ཅའོ་ཨན་ནི་བག་འཁུམ་འཐབ་ཕྱོགས་ཀྱི་སྦས་ཤུགས་ཆེས་ཆེ་བའི་འདེམ་སྒུག་པ་ཡིན་པར་འདོད་ཡོད།

ཧན་གོའི་དམངས་ཀྱི་འདོད་བློའི་རྟོག་ཞིབ་ལས་ཁུངས་ཀྱིས་ཚེས་བཅུ་གཉིས་ཉིན་ཁྱབ་སྒྲོག་བྱས་པའི་རྟོག་ཞིབ་མཇུག་འབྲས་ལྟར་ན། སྐབས་རྗེས་མའི་ཙུང་ཐུང་གི་འདེམ་སྒུག་པའི་ཁྲོད། ཆེས་ཆེ་བའི་སྲིད་དབང་བཟུང་མེད་པའི་ཏང་ཐུན་མོང་དམངས་གཙོ་ཏང་གི་སྔོན་ཆད་ཀྱི་ཏང་གཙོ་ཝུན་ཙེ་ཡན་ལ་བརྒྱ་ཆའི་ཉེར་དགུ་དང་གྲངས་ཆུང་དགུའི་རྒྱབ་སྐྱོར་ཐོབ་ཡོད་པ་དང་། ཏང་ཁག་དེའི་ཨན་ཞི་ཀྲིན་ལ་བརྒྱ་ཆའི་བཅུ་བདུན་གྱི་རྒྱབ་སྐྱོར་ཐོབ་ཡོད། ཧོང་ཅའོ་ཨན་ལ་བརྒྱ་ཆའི་དགུའི་རྒྱབ་སྐྱོར་ཐོབ་ཡོད་པ་རེད། ཐུན་མོང་དམངས་གཙོ་ཏང་གི་མཁར་ལྷོ་གྲོང་ཁྱེར་གྱི་ཧྲི་ཀྲང་ལིས་ཙེ་མེན་དང་རྒྱལ་དམངས་ཏང་གི་སྔོན་ཆན་གྱི་མཉམ་འབྲེལ་ཏང་གཙོ་ཨན་ཀྲི་ཞིག་གཉིས་ལ་སོ་སོར་བརྒྱ་ཆའི་དགུ་དང་བརྒྱ་ཆའི་བརྒྱད་ཀྱི་རྒྱབ་སྐྱོར་ཐོབ་ཡོད། རྒྱུས་ལོན་བྱུང་བ་ལྟར་ན། ཚོད་དཔག་བྱས་ན་སྲིད་ཏང་སོ་སོས་ཟླ་གསུམ་པའི་ཟླ་མཇུག་དང་ཡང་ན་ཟླ་བཞི་བའི་ཟླ་མགོར་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་ལ་ཞུགས་པའི་ཏང་ཁག་ནང་ཁུལ་གྱི་འདེམ་སྒུག་མི་སྣ་གདམ་རྒྱུ་རེད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།