སུའེ་ཏེན་གྱིས་བྲེལ་མྱུར་གྲོས་ཚོགས་བསྡུས་ཏེ་རྩ་འཛུགས་ཡོད་པའི་ནག་ཉེས་གནད་དོན་ཐག་གཅོད་བྱེད་རྒྱུ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་སྔོན་མེ་མདས་བརྒྱབ་པའི་དོན་རྐྱེན་དང་དྲག་ཤུགས་དོན་རྐྱེན་མང་དུ་བྱུང་བའི་དབང་གིས་སུའེ་ཏེན་གྱི་དབུ་བཞུགས་བློན་ཆེན་ལེ་ཝུན་གྱིས་ཚེས་བཅུ་བཞིའི་ཉིན་བསྟན་དོན། བདེ་འཇགས་སྲིད་ཇུས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་བསྡུས་ནས་བྲེལ་མྱུར་གྲོས་ཚོགས་བསྡུས་ཏེ། རྩ་འཛུགས་ཡོད་པའི་ནག་ཉེས་གནད་དོན་ཇི་ལྟར་ཐག་གཅོད་བྱེད་པར་གྲོས་བསྡུར་བྱེད་རྒྱུ་ཡིན་ཟེར།

ད་ལོའི་ཚུན་ལ། སི་ཏི་ཀི་ཨར་མའོ་ནས་མེ་མདས་བརྒྱབ་པའི་དོན་རྐྱེན་ཐེངས་བཅུ་བདུན་བྱུང་སྟེ། མི་བདུན་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་བཞིར་རྨས་ཕོག སུའེ་ཏེན་ཉེན་རྟོག་ཕྱོགས་ཀྱིས་ཉེ་སྔོན་སྤྱི་སྒྲོག་སྤེལ་ཏེ། སི་ཏི་ཀི་ཨར་མའོ་ས་ཁུལ་དུ་ནག་ཉེས་ཚོགས་ཁག་མི་འདྲ་བ་བཅུ་གཉིས་བར་དྲག་ཤུགས་འཁྲུག་རྩོད་བྱུང་ཡོད་ལ། ཉེན་རྟོག་ཕྱོགས་ཀྱིས་གནས་བབ་ལ་ཚོད་འཛིན་བྱེད་བཞིན་ཡོད་ཟེར།

སུའེ་ཏེན་བརྙན་འཕྲིན་ཁང་གིས་ཚེས་བཅུ་བཞིའི་ཉིན་བསྒྲགས་པ་ལྟར་ན། ལེ་ཝུན་གྱིས་གཟའ་འཁོར་འདིའི་གཟའ་ཕུར་བུའི་ཉིནབདེ་འཇགས་སྲིད་ཇུས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དག་བསྡུས་ཏེ། ཇི་ལྟར་རང་ནུས་ཅི་ལྕོགས་ཀྱིས་ཚོགས་ཁག་བར་གྱི་འཁྲུག་རྩོད་དང་རྩ་འཛུགས་ཡོད་པའི་ནག་ཉེས་ལ་ཆམ་ཕབ་གཏོང་བར་གྲོས་བསྡུར་བྱེད་རྒྱུ་རེད་ཟེར།

དབུ་བཞུགས་བློན་ཆེན་ལས་གཞན་སུའེ་ཏེན་བདེ་འཇགས་སྲིད་ཇུས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ལ་ད་རུང་ནང་སྲིད་བློན་ཆེན་དང་། ཕྱི་འབྲེལ་བློན་ཆེན། རྒྱལ་སྲུང་བློན་ཆེན། དབུ་བཞུགས་བློན་ཆེན་གཞོན་པ། དེ་མིན་ཉེན་རྟོག་དམག་དཔུང་དང་དཔལ་འབྱོར་ནག་ཉེས་ཅུའུ། རྒྱལ་ཁབ་ཁྲལ་དོན་ཅུའུ་བཅས་ཀྱི་འགན་ཁུར་བ་འདུས་ཡོད།

བསྒྲགས་པ་ལྟར་ན། བྲེལ་མྱུར་གྲོས་ཚོགས་ནས་སྡེ་ཁག་མི་འདྲ་བའི་བར་གྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པ་དང་ནུས་ཤུགས་ཡོད་དགུས་རྩ་འཛུགས་ཡོད་པའི་ནག་ཉེས་ལ་བཀག་འགོག་བྱེད་པར་གྲོས་བསྡུར་བྱེད་རྒྱུ་རེད། ལེ་ཝུན་གྱིས་སྡེ་ཁག་སོ་སོས་མཐུན་སྦྱོར་སྒོས་རྩ་འཛུགས་ཡོད་པའི་ནག་ཉེས་ལ་ཆམ་ཕབ་གཏོང་བའི་འཆར་གཞི་དང་ཐག་གཅོད་གྲོས་གཞིར་ཉན་རྒྱུ་རེད།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།