ཀྲུང་གོ་བོད་ཀྱི་དྲ་བ།

ཧྥ་རན་སེའི་ཉི་འོད་ནུས་པའི་གཞུང་ལམ་གྱི་མདུན་ལམ་ཡག་པོ་ཡོད་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།   རྩོམ་པ་པོ། : སྙིང་ལྕགས།   སྤེལ་དུས། : 2017-04-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཧྥ་རན་སེར་བཅའ་སྡོད་མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ལི་ཡུང་ཆུན་གྱིས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚན་མོ་གཅིག་ལ་ཐུའུ་ལུའུ་ཧྥུའར་གྲོང་རྡལ་གྱི་སྙན་གྲགས་གང་སར་ཁྱབ། ཧྥ་རན་སེའི་ནུའུ་མན་ཏིའི་དཀྱིལ་དབུས་ཀྱི་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་མེད་པའི་གྲོང་རྡལ་ཆུང་ངུ་དེར་ཧྥ་རན་སེའི་ཉི་འོད་ནུས་པའི་གཞུང་ལམ་ཐོག་མའི་ཨར་ལས་ལེགས་གྲུབ་བྱུང་ནས་རླངས་འཁོར་ཤར་གཏོང་ཐུབ་པས་སྨྱན་སྦྱོར་ཆེན་པོ་ཁག་གི་འགོ་རྩོམ་ཐོག་བཀོད་ཡོད། གསར་འགོད་པས་ཡ་མཚན་གྱི་སྣང་བ་ཞིག་འཁྱེར་ཏེ་ཕ་རི་སི་ནས་རླངས་འཁོར་བསྡད་ནས་ཐུའུ་ལུའུ་ཧྥུའར་དུ་ཡང་སྙིང་ཇི་འདྲ་ཡིན་མིན་ལྟ་བར་བསྐྱོད་པ་ཡིན།

རླངས་འཁོར་བསྡད་ནས་ཆུ་ཚོད་གཅིག་དང་སྐར་མ་བཞི་བཅུ་ལྷག་ཙམ་བསྐྱོད་རྗེས་ཐུའུ་ལུའུ་ཧྥུའར་དུ་འབྱོར་བྱུང་། གྲོང་རྡལ་གྱི་གྲོང་མིས་བཤད་པ་བཞིན་བསྐྱོད་རྗེས་དེ་མུར་ཉི་འོད་ནུས་པའི་གཞུང་ལམ་དུ་སླེབས། ཉི་འོད་ནུས་པའི་གཞུང་ལམ་ནི་ཐུའུ་ལུའུ་ཧྥུའར་གྲོང་རྡལ་ལྷོ་ངོས་ཀྱི་ཞིང་ཆེན་ལམ་ཨང་ལྔ་པ་ནས་སྤྱི་ལེ་གཅིག་གི་གྲོང་རྡལ་ནས་ཐོན་པའི་གཞུང་ལམ་ཡིན། ཉི་འོད་ནུས་པའི་གཞུང་ལམ་རྣམ་གྲངས་དེར“ཝ་ཐེ་ལམ”ཞེས་མིང་བཏགས་ཡོད། གཞུང་ལམ་ལ་ཉི་འོད་འཕྲོས་རྗེས་གློག་ནུས་སུ་བསྒྱུར་ཐུབ་པ་དང་། དེ་ནས་སླར་ཡང་གློག་ནུས་དག་ས་འོག་ཏུ་ཡོད་པའི་གློག་གསོག་འཕྲུལ་ཆས་ཀྱིས་གྲོང་ཁྱེར་གློག་དྲར་འདྲེན་གྱི་ཡོད་པས་ཉི་འོད་ནུས་པའི་གཞུང་ལམ་ཞེས་འབོད་ཀྱི་ཡོད།

ཉི་འོད་ནུས་པའི་གཞུང་ལམ་གྱི་ལམ་ངོས་སྔོན་པོ་ཡིན་པ་དང་གཞུང་ལམ་དུ་སླེབས་མ་ཐག་ལམ་ངོགས་སུ་ཡོད་པའི་ལམ་བྱང་སྔོན་པོ་ཞིག་གི་ཐོག“ཁྱེད་རང་ཉི་འོད་ནུས་པའི་གཞུང་ལམ་ཐོག་ཡོད”ཅེས་བྲིས་ཡོད་པ་མ་ཟད། དུས་དང་རྣམ་པ་ཀུན་ཏུ“ནུས་རྒྱུ་ཕྱོགས་སྒྱུར་བྱེད་དོན་ནི་ལྗང་མདོག་འཕེལ་རྒྱས་ཡོང་ཆེད་ཡིན། གཞུང་ལམ་དག་འབྱུང་འགྱུར་གྱི་ནུས་རྒྱུར་འགྱུར་བ་བྱེད་དགོས”ཞེས་དྲིལ་བསྒྲགས་བྱེད་ཀྱི་འདུག ལམ་བྱང་ཐོག་གློག་རྡུལ་གྲངས་གཞིའི་ཆུ་ཚོད་བཞི་ཡོད་པ་དང་དེའི་ཐོག་ནས་འགྱུར་ལྡོག་འགྲོ་བཞིན་པའི་གྲངས་གཞི་མངོན་པ་སྟེ། གསོག་མུས་ཀྱི་གློག་གི་ཤུགས་ཚད་དང་། ཉིན་རེའི་གློག་གསོག་ཚད། 2016ལོའི་ཟླ་12ཚུན་གྱི་རིམ་རྩིས་བྱས་པའི་གློག་གསོག་ཚད། ཕ་རི་སི་ནས་ཧྥ་རན་སེའི་ནུབ་བྱང་རྒྱུད་ཀྱི་གྲོང་ཁྱེར་ཨ་ལང་སུང་བར་གློག་སྒུལ་རླངས་འཁོར་གྱི་ལམ་ཚད་དང་བསྡུར་བ་བྱས་པའི་གྲངས་གཞི་བཅས་རེད།

ཡ་ལི་ཧྲན་ཏ་ནི་དཔལ་འབྱོར་རིག་པ་མཁས་ཅན་ཞིག་ཡིན་ཞིང་། ཁོང་གིས་འདི་ག་ཚགས་པར་གྱི་གསར་འགོད་པར་གཞན་དག་ཚང་མ་ཧ་ཅང་ཡག་པོ་འདུག་ཀྱང་འཛེར་སྒྲ་ཆེ་ཙམ་འདུག མྱུར་ཚད་མགྱོགས་སུ་ཕྱིན་ན་རླངས་འཁོར་མང་དུ་ཕྱིན་ཏེ་འཛེར་སྒྲ་དེ་བས་ཆེ་རུ་འགྲོ་གི་རེད། དེར་བརྟེན་ཉི་འོད་ནུས་པའི་གཞུང་ལམ་མྱུར་བགྲོད་གཞུང་ལམ་ཐོག་བསྐྲུན་ན་འཚམ་པོ་མེད་པར་རྒྱལ་ལམ་དང་ཞིང་ཆེན་ལམ་སོགས་གཞུང་ལམ་ཕལ་པ་ལམ་ཡང་ན་ས་སྟོང་ཐོག་བསྐྲུན་ན་འཚམ་པོ་ཡོད་ཅེས་བཤད་བྱུང་།

ཧྥ་རན་སེའི་སྨྱན་སྦྱོར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། “འབྱུང་འགྱུར་ལམ་བུ”དེ་བསྐྲུན་ཆེད་ལུའོ་ཡའར་གྱིས་2016ལོར་ཆེད་མངགས་ཐུའུ་ལུའུ་ཧྥུའར་གྲོང་རྡལ་དུ་ཐེངས་གསུམ་བསྐྱོད་པ་དེ་ཐོག་ནས་ཧྥ་རན་སེ་སྲིད་གཞུང་གིས་དེར་མཐོང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་པ་མཚོན་ཐུབ། ཨའེར་ཝེ་ནི་ཐུའུ་ལུའུ་ཧྥུའར་གྲོང་རྡལ་དཀྱིལ་གྱི་ཟ་ཁང་ཞིག་གི་སྦྱིན་བདག་ཡིན་པ་དང་ཁོང་གིས་ཉི་འོད་ནུས་པའི་གཞུང་ལམ་དེའི་གྲ་སྒྲིག་ནས་ཨར་ལས་དང་རླངས་འཁོར་ཤར་གཏོང་ཐུབ་པའི་བར་གྱི་བརྒྱུད་རིམ་ཧྲིལ་པོའི་དཔང་པོ་བྱེད་ཐུབ། འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་ཨའེར་ཝེ་ཡིས་སྤོབས་སེམས་ཆེན་པོའི་སྒོ་ནས“ཉི་འོད་ནུས་པའི་གཞུང་ལམ་ནི་འབྱུང་འགྱུར་གྱི་ལམ་བུ་ཞིག་ཡིན། འབྱུང་འགྱུར་ཉི་འོད་ནུས་པའི་གཞུང་ལམ་ཐོག་བསྐྱོད་མཁན་གློག་སྒུལ་རླངས་འཁོར་གྱིས་འགྲོ་གིན་དུ་གློག་གསོག་ཐུབ་པས་དེར་རེ་སྒུག་བྱེད་རིན་ཡོད། ཉི་འོད་ནུས་པའི་གཞུང་ལམ་ལ་དྲོད་ཚད་མཐོ་རུ་གཏོང་རྒྱུ་ཡོད་པས་དགུན་དུས་གངས་གསོག་ཐེབས་མི་སྲིད”ཅེས་བཤད་པ་རེད།

གནས་ཚུལ་སྤེལ་བར་གཞིགས་ན། ལམ་ཚད་སྤྱི་ལེ་གཅིག་དང་ཉི་འོད་ནུས་པའི་པང་ལེབ་སྨི་ངོས་གྲུ་2800བཏིང་བའི་ཉི་འོད་ནུས་པའི་གཞུང་ལམ་དེ་ནས་ཉིན་ལྟར་གློག་ཆན་ཝ་ཆུ་ཚོད་790ཐོན་སྐྱེད་ཐུབ་པས་གྲོང་ཁྱེར་གྱི་གྲོང་མི་5000གི་སྤྱི་པའི་གློག་འོད་ཀྱི་དགོས་མཁོ་སྐོང་ཐུབ། འོན་ཀྱང་ཡོ་སྒོར་ཁྲི་500ཙམ་དགོས་པས་མ་གནས་ཧ་ཅང་མཐོ་པོ་ཡོད། གློག་ཤུགས་ཀྱི་མ་གནས་ནི་ཁང་སྟེང་གི་ཉི་འོད་ནུས་པ་ནས་གློག་འདོན་པའི་ལྡབ་13ཡིན། ལུའོ་ཡའར་གྱིས་ཉི་འོད་ནུས་པའི་གཞུང་ལམ་གྱི་ལག་རྩལ་དཔེ་གསར་དེར་མདུན་ལམ་ཡག་པོ་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད། ཁོང་གི་སྐུལ་འདེད་འོག་ཧྥ་རན་སེས་ལོ་ལྔའི་ནང་རིང་ཚད་སྤྱི་ལེ་1000ཡོད་པའི་ཉི་འོད་ནུས་པའི་གཞུང་ལམ་བསྐྲུན་རྒྱུ་རེད། དེ་ནི་ཧྥ་རན་སེ་སྲིད་གཞུང་གིས་《ཕ་རི་སིའི་གྲོས་ཆོད་》ལ་གྲོས་འཆམ་བྱུང་རྗེས་སྐུལ་འདེད་བཏང་བའི་ལྗང་མདོག་ཁོར་ཡུག་སྲུང་སྐྱོང་ཁྱབ་ཁོངས་ཀྱི་བྱེད་ཐབས་གལ་ཆེན་ཞིག་རེད། འཛམ་གླིང་གི་སྣེ་འཁྲིད་དེ་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཕྱོགས་སུ་སྔར་བས་མདུན་སྐྱོད་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད།

རྩོམ་སྒྲིག་པ། : འབུམ་པ་རྒྱལ།