ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་སྐབས་སུམ་ཅུ་བ་མཱ་ནེ་ལཱ་ན་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-04-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་སྐབས་སུམ་ཅུ་བ་ཟླ་བཞི་བའི་ཚེས་ཉེར་དགུའི་ཉིན་གྱི་སྔ་དྲོར་ཧྥེ་ལེ་པེན་གྱི་རྒྱལ་ས་མཱ་ནེ་ལཱ་ནས་ཚོགས་མགོ་བརྩམས། ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་བཅུའི་མགོ་ཁྲིད་པ་མཉམ་དུ་འཛོམས་ཏེ། ཡོ་རོབ་གླིང་མནའ་འབྲེལ་དེ་ཚོགས་པ་ཞིག་ཡིན་པའི་ཆ་ནས་དེང་སྐབས་འཛམ་གླིང་གི་གནས་བབ་འོག་གི་དཔལ་འབྱོར་དང་ཆབ་སྲིད། རིག་གནས་བཅས་ལ་མཉམ་དུ་གྲོས་བསྡུར་བྱས། ཧྥེ་ལེ་པེན་གྱི་ཙུང་ཐུང་ཏུའུ་ཐི་ཨར་ཐི་ཡིས་མགོ་རྩོམ་པའི་མཛད་སྒོའི་སྟེང་གཏམ་བཤད་གལ་ཆེན་སྤེལ།

ཏུའུ་ཐི་ཨར་ཐི་ཡིས་བཤད་རྒྱུར། ད་ལོ་ནི་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་བཙུགས་ནས་ལོ་ངོ་ལྔ་བཅུ་འགོར་བའི་ལོ་གལ་ཆེན་ཞིག་ཡིན་པ་དང་། དེ་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཕྱོགས་ཁག་སོ་སོས་སྒེར་ཚུགས་རང་དབག་དང་འདྲ་མཉམ། མངའ་ཁོངས་ཆ་ཚང་ཡོང་བ་བཅས་རྨང་གཞིར་བྱས་ཏེ་ཕན་ཚུན་བརྩི་འཇོག་བྱས་པ་དང་འབྲལ་ཐབས་མེད། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་ནི་རང་བྱུང་གནོད་འཚེ་མང་དུ་འབྱུང་བའི་ས་ཁོངས་ཤིག་ཡིན་པས། ཕྱོགས་ཁག་སོ་སོས་གནོད་འཚེ་ཐག་གཅོད་བྱེད་པའི་ཐད་གྲ་སྒྲིག་གང་ལེགས་བྱེད་དགོས་ཟེར།

ཏུའུ་ཐི་ཨར་ཐི་ཡིས་བསྟན་དོན། ཧྥེ་ལེ་པེན་གྱིས་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་བཅུ་དང་མཉམ་དུ། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་བཟོད་སྒོམ་རང་བཞིན་གྱི་དཔལ་འབྱོར་འཕར་སྣོན་མངོན་འགྱུར་བྱེད་པར་ཡར་སྐུལ་གཏོང་འདོད་ཡོད་པ་དང་། ཁྱད་པར་དུ་ཁེ་ལས་ཆུང་འབྲིང་གི་འཕེལ་རྒྱས་ལ་དོ་སྣང་བྱེད་རྒྱུ་ཡིན་ཟེར། ཨེ་ཤ་ཡཱཤར་ལྷོའི་མནའ་འབྲེལ་གྱིས་ས་ཁོངས་ཀྱི་དཔལ་འབྱོར་གྲོགས་པོའི་བར་གྱི་མཉམ་ལས་ལ་ལ་ཤུགས་སྣོན་བྱས་ཏེ། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་སྔར་ལས་ལྷག་པའི་སྒོ་ནས་འཛམ་གླིང་དཔལ་འབྱོར་ཁྲོད་ཞུགས་པར་རོགས་རམ་བྱེད་དགོས། གཏམ་བཤད་སྤེལ་སྐབས་ཏུའུ་ཐི་ཨར་ཐི་ཡིས་ད་རུང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་སོ་སོས་དུག་རྫས་ལྐོག་འཚོང་ལ་ངོ་རྒོལ་བྱེད་པའི་འཐབ་འཁྲུག་ལ་རྒྱབ་སྐྱོར་བྱས་ཏེ། དུག་རྫས་དང་རིང་དུ་གྱེས་པའི་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་ཞིག་འཛུགས་པར་བརྩོན་དགོས་ཟེར།

ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཐུན་མོང་ཚོགས་པའི་རེ་འདུན་དེ་ཉིས་སྟོང་ཉེར་ལྔ་ལོར་ལག་བསྟར་བྱེད་པ་དང་། ཕྱིན་ཆད་ཀྱི་འཕེལ་སྟངས། ཕྱི་ཕྱོགས་འབྲེལ་བ། མ་འོངས་པའི་ཁ་ཕྱོགས་བཅས་ནི་ཐེངས་འདིའི་མཐོ་རིམ་གྲོས་ཚོགས་ཀྱི་གྲོས་གཞི་གཙོ་བོ་ཡིན་པ་རེད། ཕྱོགས་སོ་སོས་ས་ཁུལ་དང་རྒྱལ་སྤྱིའི་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས་པར་མ་ཟད། ཟླ་བཞི་བའི་ཚེས་ཉེར་དགུ་ཉིན་གྱི་ཕྱི་དྲོར་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་བསྒྲགས་གཏམ་སྤེལ་བ་རེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།