ཀྲུང་གོ་བོད་ཀྱི་དྲ་བ།

གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་གཏོང་གི་རོགས་ཟླའི་བགྲོ་གླེང་ཚོགས་འདུ་རོ་མར་འཚོགས་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2017-05-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4པའི་ཚེས28ཉིན་གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་གཏོང་གི་རོགས་ཟླའི་བགྲོ་གླེང་ཚོགས་འདུ་དབྱི་ཐ་ལིའི་ཕྱི་འབྲེལ་པུའུ་རུ་འཚོགས་པ་དང་། ཚོགས་ཞུགས་འཐུས་མི་ཚོས་རྒྱལ་ཁབ་ཁག་གི་དབུལ་སྐྱོར་ཐད་ཀྱི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་དང་། དེ་བཞིན་སྲིད་གཞུང་དང་། སྲིད་ཇུས་གཏན་འབེབས་བྱེད་མཁན། དབུལ་པོ་ཉུང་གཏོང་གི་ལས་དོན་པ་བཅས་ལ་འཕྲད་པའི་འགྲན་སློང་གལ་ཆེན་ལ་གྲོས་བསྡུར་གཏིང་ཟབ་བྱས་པ་མ་ཟད། དབུལ་པོ་ཉུང་གཏོང་ཐད་ཀྱི་ཀྲུང་གོའི་ཉམས་མྱོང་ལ་བསྔགས་བརྗོད་ཀྱང་བྱས་པ་རེད།

ཚོགས་ཞུགས་འཐུས་མི་ཚོས་འདས་ཟིན་པའི་ལོ30ཡི་ནང་དཔལ་འབྱོར་མུ་མཐུད་འཕར་ནས་གོ་ལ་ཧྲིལ་པོའི་དབུལ་པོའི་མི་འབོར་རིམ་བཞིན་ཉུང་དུ་ཕྱིན་ཡོད། འོན་ཀྱང་དེང་སྐབས་འཛམ་གླིང་ཐོག་མི་དུང་ཕྱུར་8ལྷག་ཙམ་ཧ་ཅང་དབུལ་བའི་གནས་སུ་འཚོ་བ་སྐྱེལ་བཞིན་ཡོད་པས་གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་གཏོང་གི་ལས་འགན་ལྕི་ལ་ལམ་ཐག་རིང་བ་ཞིག་ཡོད། ཡོང་འབབ་དམའ་བའི་རྒྱལ་ཁབ་ཀྱིས་ངེས་པར་དུ་ཞིང་ལས་དང་གྲོང་གསེབ་ཀྱི་དཔལ་འབྱོར་ཐད་བསྟུན་མཁས་རང་བཞིན་གྱི་གྲུབ་ཆ་སྒྱུར་བཅོས་བྱེད་དགོས་པའི་ངོས་འཛིན་ཡོངས་ཁྱབ་ངང་བྱས་པ་རེད།

ཀྲུང་གོ་ནི་དབུལ་པོའི་མི་འབོར་ཕྱེད་ཀ་ཙམ་ཉུང་དུ་གཏོང་རྒྱུའི་ལོ་ངོ་སྟོང་གི་འཕེལ་རྒྱས་དམིགས་ཚད་སྔ་སྣུར་དུ་མངོན་འགྱུར་ཐོག་མར་བྱུང་བའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཅིག་རེད། མཉམ་འབྲེལ་རྒྱལ་ཚོགས་རྒྱལ་སྤྱིའི་ཞིང་ལས་འཕེལ་རྒྱས་ཐེབས་རྩའི(ཞིང་ལས་འཕེལ་རྒྱས་ཐེབས་རྩ)གོ་ལ་ཧྲིལ་པོའི་འབྲེལ་གཏུག་དང་། ཤེས་བྱ་དང་འཐབ་ཇུས་པུའི་ཀྲུའུ་རེན་ཨ་ཧྲེ་ཝང་ཉི·མུའུ་ཐུ་ཡིས་གཏམ་བཤད་སྤེལ་སྐབས། དབུལ་པོ་ཉུང་གཏོང་ཐད་ཀྱི་ཀྲུང་གོའི་བྱེད་སྟངས་དེ་ནི་ཕན་འབྲས་ཡག་ལ་ལས་ཕྱོད་ཆེན་པོ་ཡོད་པ་འཛམ་གླིང་ཀུན་ཏུ་མཐོང་གསལ་རེད། ཀྲུང་གོའི་གནད་སྨིན་དབུལ་སྐྱོར་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་ཐོག་ནས་ལེགས་པའི་ཆབ་སྲིད་ཀྱི་འདུ་ཤེས་དང་། ཚན་རིག་དང་མཐུན་པའི་དབུལ་སྐྱོར་འཐབ་ཇུས། འོས་ཤིང་འཚམ་པའི་སྲིད་ཇུས་དང་བྱ་ཐབས་བཅས་ལས་ཚང་མ་དབུལ་སྒྲོལ་ཐུབ་སྲིད་པ་ཡོངས་སུ་ར་སྤྲོད་བྱས་ཡོད། ཀྲུང་གོའི་གྲུབ་འབྲས་ཐོབ་པའི་ལག་ལེན་གྱིས་འཛམ་གླིང་གི་དབུལ་པོ་ཉུང་གཏོང་གི་བྱ་གཞག་ལ་སྐུལ་འདེད་གཏོང་རྒྱུར་བློ་སྒོ་འབྱེད་པའི་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་གསུངས།

ལྷོ་ལྷོ་མཉམ་ལས་ཀྱི་དབུལ་པོ་ཉུང་གཏོང་གི་ཤེས་བྱ་མཉམ་སྤྱོད་དྲ་ཚིགས་ན་ནིང་ཟླ་5པར་དངོས་སུ་སྤྱོད་འགོ་ཚུགས་པ་དང་། ལྷོ་ལྷོ་མཉམ་ལས་ལ་ཞབས་འདེགས་ཞུ་བའི་དབུལ་སྐྱོར་ཤེས་བྱ་མཉམ་སྤྱོད་ལས་སྟེགས་དེ་ནི་ཀྲུང་གོ་དང་རྒྱལ་སྤྱིའི་དབུལ་སྐྱོར་འཕེལ་རྒྱས་ཉམས་མྱོང་གི་ཆ་འཕྲིན་གཅིག་སྡུད་བྱེད་པའི་ལྟེ་བ་ཞིག་ཏུ་གྱུར་ཡོད། རྣམ་གྲངས་དེ་ནི་འཛམ་གླིང་དངུལ་ཁང་གིས་གྲོས་འགོ་བཏོན་པ་དང་། ཨེ་ཤེ་ཡ་གསར་སྤེལ་དངུལ་ཁང་གིས་རྒྱབ་སྐྱོར་བྱས་པ། ཀྲུང་གོ་དྲ་སྦྲེལ་དྲ་བའི་གསར་འགྱུར་ལྟེ་གནས་ཀྱི་གཤམ་འོག་ཀྲུང་གོའི་འཕེལ་རྒྱས་ཀྱི་གཙོ་ཆེའི་དྲ་ཚིགས་དང་ཀྲུང་གོ་རྒྱལ་སྤྱིའི་དབུལ་སྐྱོར་ལྟེ་གནས་ཀྱིས་མཉམ་འབྲེལ་ཐོག་གཉེར་སྐྱོང་བྱས་ཡོད།

བགྲོ་གླེང་ཚོགས་འདུ་དེ་ནི་དབྱི་ཐ་ལི་འཕེལ་རྒྱས་མཉམ་ལས་ཧྲུའུ་དང་། མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས། མཉམ་འབྲེལ་རྒྱལ་ཚོགས་ཞིང་ལས་འཕེལ་རྒྱས་ཐེབས་རྩ། ཀྲུང་གོ་རྒྱལ་སྤྱིའི་དབུལ་སྐྱོར་ལྟེ་གནས་བཅས་ཀྱིས་ཀྲུང་གོ་དྲ་སྦྲེལ་དྲ་ཚིགས་གསར་འགྱུར་ལྟེ་གནས་དང་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པ་དང་། འཛམ་གླིང་དངུལ་ཁང་དང་། མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས། ཞིང་ལས་འཕེལ་རྒྱས་ཐེབས་རྩ་སོགས་རྒྱལ་སྤྱིའི་སྒྲིག་གཞིའི་ཐུས་མི་དང་། དེ་བཞིན་དབྱི་ཐ་ལིའི་མཐོ་སློབ་ཀྱི་མཁས་དབང་སོགས་མི་90ཙམ་ཚོགས་འདུར་ཞུགས་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།