ཀྲུང་གོ་བོད་ཀྱི་དྲ་བ།

ཀུའུ་ཐི་ལོས་སི་ཡིས་སིང་ག་ལཱ་དང་བྷང་ག་ལཱ་སོགས་ལ་གནོད་འཚེ་ཐེབས་པར་སེམས་ཁུར་བྱེད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-05-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཟླ་ལྔ་བའི་ཚེས་སུམ་ཅུའི་ཉིན་ཁོའི་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། སིང་ག་ལཱ་དང་བྷང་ག་ལཱ་རྒྱལ་ཁབ་ལ་དྲག་རླུང་གི་གནོད་འཚེ་ཆེན་པོ་ཐེབས་པར་སེམས་ཁུར་བྱེད་བཞིན་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་ཁབ་དེ་གཉིས་ལ་རྒྱབ་སྐྱོར་བྱེད་འདོད་ཡོད་ཟེར། དྲུང་ཡིག་ཆེན་མོའི་མགྲིན་ཚབ་པ་ཏིས་ཡཱ་ལི་ཁི་ཡིས་ཉིན་དེར་རྒྱུན་ལྡན་གྱི་སྒྲོག་སྤེལ་ཚོགས་འདུའི་སྟེང་གསལ་སྒྲོག་སྒྲོག་འདོན་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་ཁབ་དེ་གཉིས་ཀྱི་སྲིད་གཞུང་གིས་སྣེ་ཁྲིད་པའི་རྒུད་སྐྱོབ་བྱ་བར་རྒྱབ་སྐྱོར་བྱེད་འདོད་ཡོད་ཟེར། ཉིན་དེར་རྒྱལ་སྤྱིའི་གནས་སྤོར་སྡོད་དམངས་རྩ་འཛུགས་ཀྱིས་སིང་ག་ལཱའི་ཆུ་ལོག་དང་རི་ཉིལ་བའི་གནོད་འཚེ་ཚབས་ཆེན་བྱུང་སའི་ས་ཁུལ་འགར་དཔྱད་འཇོག་ཚན་ཆུང་མངག་གཏོང་བྱས།

སིང་ག་ལཱའི་གནོད་འཚེ་དོ་དམ་ལྟེ་གནས་ཀྱིས་ཚེས་ཉེར་དགུའི་ཉིན་གསལ་སྒྲོག་སྤེལ་ཏེ། རྒྱལ་ཁབ་དེར་དྲག་ཆར་བབས་པའི་དབང་གིས་ཆུ་ལོག་དང་རི་ཉིལ་བའི་དོན་རྐྱེན་བྱུང་བ་ལས་མི་བརྒྱ་དང་དོན་བདུན་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱ་དང་དགུ་གར་སོང་རྙེད་མེད་ལ། ཁྱིམ་ཚང་འབུམ་ཕྲག་འགའ་ལ་གནོད་འཚེ་ཐེབས་ཡོད་ཟེར།

བྷང་ག་ལཱའི་གནམ་གཤིས་བརྟག་དཔྱད་སྡེ་ཁག་གིས་ཚེས་སུམ་ཅུའི་ཉིན་བཤད་རྒྱུར། བྷང་ག་ལཱ་རུ་དྲག་རླུང་གི་འཇིགས་པ་ཐེབས་པ་དང་། ས་དེའི་སྡེ་ཁག་གིས་གནོད་འཚེ་ཐེབས་པའི་ས་ཁུལ་གྱི་མི་ས་ཡ་འགའ་བདེ་འཇགས་ཡིན་པའི་ས་ཁུལ་དུ་ཕྱིར་འཐེན་བྱེད་དགོས་པའི་རེ་བ་བཏོན་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།