ཡོ་རོབ་གླིང་མནའ་འབྲེལ་གྱི་སྙན་ཞུ་ལས་ཐལ་སྤྱོད་ཅན་དང་དྲ་རྒྱའི་ནག་ཉེས་སོགས་བདེ་འཇགས་ཐད་ཀྱི་འཇིགས་སྣང་ལ་ཁ་གཏད་འཇལ་དགོས་ཞེས་ནན་གྱིས་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཚེས་ཉེར་དྲུག་ཉིན་སྤེལ་བའི་བདེ་འཇགས་ལས་དོན་གྱི་འཕེལ་རིམ་སྙན་ཞུ་ལས་ཐལ་སྤྱོད་ཅན་དང་དྲ་རྒྱའི་ནག་ཉེས་སོགས་བདེ་འཇགས་ཐད་ཀྱི་འཇིསག་སྣང་ལ་ཁ་གཏད་འཇལ་དགོས་ཞེས་ནན་གྱིས་བསྟན་ཡོད།

སྙན་ཞུ་ལས་བཤད་རྒྱུར། ཉེ་བའི་དུས་སྐབས་ཤིག་ལ། ཡོ་རོབ་གླིང་མནའ་འབྲེལ་གྱིས་འཇིགས་སྐུལ་རིང་ལུགས་ཀྱིས་མ་རྩ་བསྡུ་བར་ཆམ་ཕབ་གཏོང་བ་དང་། ཕྱི་ཕྱོགས་མཐའ་མཚམས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ། ཁོངས་གཏོགས་རྒྱལ་ཁབ་ཀྱི་གསང་འཕྲིན་མཉམ་སྤྱོད་ལ་ཡར་སྐུལ་བྱེད་པ་སོགས་ཐད་ནས་གྲུབ་འབྲས་བླངས་ཡོད་མོད། ཡིན་ནའང་སྔར་བཞིན་ཉིན་རེར་ཚབས་ཇེ་ཆེར་འགྲོ་བཞིན་པའི་ཐལ་སྤྱོད་ཅན་དང་དྲ་རྒྱའི་ནག་ཉེས་སོགས་བདེ་འཇགས་ཐད་ཀྱི་འགྲན་རྩོད་ལ་འཕྲད་ཡོད། རྒྱུན་ཆད་མེད་པར་འགྱུར་ལྡོག་འབྱུང་བཞིན་པའི་བདེ་འཇགས་ཐད་ཀྱི་འཇིགས་སྣང་ལ་ཁ་གཏད་འཇལ་ཆེད། ཡོ་རོབ་གླིང་མནའ་འབྲེལ་གྱིས་ད་ལྟའི་སྲིད་ཇུས་ཀྱི་ལག་ཆ་དང་བྱེད་ཐབས་བཅོས་སྒྱུར་བྱེད་དགོས་ཟེར།

སྙན་ཞུའི་ནང་དུ་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་མཐོ་རིམ་ཆེད་མཁས་པའི་ཚན་ཁག་ཞིག་བཙུགས་ཏེ་ཐལ་སྤྱོད་ཅན་གྱི་གནད་དོན་ལ་ཁ་གཏད་འཇལ་བར་ཞིབ་འཇུག་བྱེད་པ་དང་། ད་དུང་དྲ་རྒྱའི་བདེ་འཇགས་འཐབ་ཇུས་ལ་དཔྱད་འཇོག་བྱེད་པའི་འགན་འཁུར་དུ་འཇུག་པར་བསམ་བློ་གཏོང་བཞིན་ཡོད་ཅེས་བསྟན་ཡོད།

ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་གནས་སྤོར་སྡོད་དམངས་དང་ནང་ཁུལ་ལས་དོན། ད་དུང་སྤྱི་དམངས་ལས་དོན་བཅས་ཀྱི་གཙོ་འགན་འཁུར་བའི་ཨུ་ཡོན་ཨ་ཧྥུའུ་ལཱ་མོ་ཕུའུ་ལོ་སི་ཡིས་སྙན་ཞུའི་ནང་དུ་ནན་གྱིས་བཤད་རྒྱུར། ཁོངས་གཏོགས་རྒྱལ་ཁབ་ཀྱིས་མཉམ་ལས་ལ་ཤུགས་སྣོན་རྒྱུ་མ་ཟད་ཆ་འཕྲིན་འབྲེལ་འདྲིས་ལ་ཡར་སྐུལ་བྱེད་རྒྱུ་ནི། ཡོ་རོབ་གླིང་མནའ་འབྲེལ་གྱི་བདེ་འཇགས་ལ་ཁག་ཐེག་བྱེད་པའི་ཐབས་ལམ་ཉག་ཅིག་ཡིན་ཟེར། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།