འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་འགྲེམ་སྟོན་ཚོགས་འདུ་ཐུར་ཁེའི་ཨན་ཐཱ་ལེ་ཡཱ་ནས་སྤེལ་མགོ་བརྩམས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིས་སྟོང་བཅུ་བདུན་ལོའི་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་འགྲེམ་སྟོན་ཚོགས་འདུ་དེ་ཚེས་ཉེར་བདུན་ཉིན་ཐུར་ཁེའི་ཨན་ཐཱ་ལེ་ཡཱ་གྲོང་ཁྱེར་ནས་སྤེལ་མགོ་བརྩམས། འགྲེམ་སྟོན་ཚོགས་འདུའི་བརྗོད་སྙིང་ནི་དུས་རབས་འགྱུར་ལྡོག་གི་གནས་བབ་འོག་གི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཉམ་ལས་ཞེས་པ་དེ་ཡིན་པ་དང་། གནས་བབ་གསར་བའི་འོག་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་མཉམ་ལས་བྱེད་པའི་ལག་ལེན་དང་གྲུབ་འབྲས་འགྲེམ་སྟོན་བྱེད་རྒྱུ་རེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཉམ་ལས་ཐད་ཀྱི་ཆེད་མངག་ཕོ་ཉ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཉམ་ལས་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཆེ་ཏིས་ཁི་ཡིས་མགོ་རྩོམ་པའི་མཛད་སྒོའི་སྟེང་བསྟན་དོན། འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་འགྲེམ་སྟོན་ཚོགས་འདུ་དེས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་ཉམས་མྱོང་དང་ལག་རྩལ། ཐོན་ཁུངས་བཅས་མཉམ་སྤྱོད་བྱེད་པར་གོ་སྐབས་བསྐྲུན་ཡོད་པ་དང་། གསར་དར་རྒྱལ་ཁབ་དང་ཡང་ན་ཆེས་དར་རྒྱས་མིན་པའི་རྒྱལ་ཁབ་གང་ཡིན་ཡང་། ཚང་མས་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་ཐད་སྟོབས་ཤུགས་ཕུལ་ཆོག་ཟེར།

ཐུར་ཁེའི་ཕྱི་འབྲེལ་བློན་ཆེན་ཆཱ་ཝུའུ་ཧྲི་ཨོ་ལུའུ་ཡིས་མགོ་རྩོམ་པའི་མཛད་སྒོའི་སྟེང་བསྟན་དོན། རྒྱལ་ཁབ་སོ་སོས་ལག་རྡང་སྦྲེལ་ཏེ་ལས་ཤོར་དང་དབུལ་ཕོངས། ལྟོགས་སྐོམ། ནད་ཡམས། འཇིགས་སྐུལ་རིང་ལུགས་སོགས་འཛམ་གླིང་རང་བཞིན་གྱི་འཇིགས་ཉེན་ཐག་གཅོད་བྱེད་དགོས་པ་དང་། ཁྱད་པར་དུ་ཆེས་དར་རྒྱས་མིན་པའི་རྒྱལ་ཁབ་དག་དཀའ་ཁག་གི་གནས་ལས་ཐར་བར་རོགས་རམ་བྱེད་དགོས་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་འགྲམ་སྟོན་ཚོགས་འདུའི་ཚོགས་ཡུན་ཉིན་བཞི་ཡིན་པ་དང་། གཙོ་བོ་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཉམ་ལས་དང་ཕྱོགས་གསུམ་པའི་མཉམ་ལས་ཀྱི་གསར་གཏོད་ལག་ལེན་འགྲེམ་སྟོན་བྱེད་པ་དང་། རྣམ་པ་གསར་བའི་འཕེལ་རྒྱས་མཉམ་ལས་རྣམ་པ་འཚོལ་ཞིབ་བྱེད་པའི་ཞོར་དུ་མཉམ་ལས་གྲོགས་པོའི་འབྲེལ་བ་བཙུགས་ནས་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་པར་ཡར་སྐུལ་གཏོང་རྒྱུ་ཡིན། འགྲེམ་སྟོན་ཚོགས་འདུ་ནས་ཚན་རྩལ་འཕེལ་རྒྱས་དང་། ན་གཞོན་པའི་ལས་ཞུགས། འབྲུ་རིགས་བདེ་འཇགས། ཞིང་ལས་འཕེལ་རྒྱས་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཉམ་ལས་ལ་དོ་སྣང་བྱེད་རྒྱུ་མ་ཟད། སྲིད་དོན་གསར་སྐྲུན་དང་། གཞི་གྲངས་ཆེན་མོ། མི་ཆོས་དང་འཕེལ་རྒྱས། ཞི་བདེ་དང་བསྐྱར་འཛུགས་སོགས་ཁྱབ་ཁོངས་ཀྱི་གསར་སྐྲུན་ལག་ལེན་ལ་གྲོས་བསྡུར་བྱེད་རྒྱུ་རེད།

འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་འགྲེམ་སྟོན་ཚོགས་འདུ་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཉམ་ལས་གཞུང་སྒྲུབ་ཁང་གིས་ཉིས་སྟོང་བརྒྱད་ལོར་སྤེལ་མགོ་བརྩམས་པ་རེད། ཐེངས་འདིའི་འགྲེམ་སྟོན་ཚོགས་འདུར་རྒྱལ་ཁབ་དང་ས་ཁུལ་བརྒྱ་དང་བཅུ་ལྷག་གི་འཐུས་མི་བདུན་བརྒྱ་ལྷག་ཞུགས་ཡོད།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།