ཀྲུང་གོ་བོད་ཀྱི་དྲ་བ།

ཁུན་ནེ་ཡཱའི་བསྟུད་འགན་ཁུར་བའི་ཙུང་ཐུང་ཁུན་ཡཱ་ཐཱ་ཡིས་དམ་བཅའ་བཞག་སྟེ་ལས་འགན་ཁུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

65f41ca9464c7f7dcd91b97df949fe19.jpg

ཟླ་བཅུ་གཅིག་པའི་ཚེས་ཉེར་བརྒྱད་ཉིན། ཁུན་ནེ་ཡཱའི་ཙུང་ཐུང་ཁུན་ཡཱ་ཐཱ་རྒྱལ་ས་ནེ་ལོ་པུས་ཀྱི་མའོ་དབྱིན་རྒྱལ་སྤྱིའི་ལུས་རྩལ་ལྟེ་གནས་ནས་ལས་འགན་ཁུར་བའི་མཛད་སྒོར་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བདེ་བླག་ངང་བསྟུད་འགན་ཁུར་བའི་ཁུན་ནེ་ཡཱའི་ཙུང་ཐུང་ཁུན་ཡཱ་ཐཱ་ཡིས་ཚེས་ཉེར་བརྒྱད་ཉིན་རྒྱལ་ས་ནེ་ལོ་པུས་ནས་དམ་བཅའ་བཞག་སྟེ་ལས་འགན་ཁུར་ནས་ཁོའི་ཙུང་ཐུང་གི་འགན་ཡུན་ཐེངས་གཉིས་པ་མགོ་བརྩམས།

ལས་འགན་ཁུར་བའི་མཛད་སྒོ་དེ་མའོ་དབྱིན་རྒྱལ་སྤྱིའི་ལུས་རྩལ་ལྟེ་གནས་ནས་སྤེལ། ཁུན་ཡཱ་ཐཱ་ཡིས་བཤད་རྒྱུར། ལས་འགན་ཁུར་བའི་མཛད་སྒོ་དེ་ལས་ད་ལོའི་འདེམ་བསྐོའི་ཆེན་མོའི་བྱ་བ་ཚང་མ་དངོས་སུ་མཇུག་སྒྲིལ་བའི་མཚོན་རྟགས་ཡིན་པ་དང་། ཁོས་རྒྱལ་ཁབ་ཀྱི་མཐུན་སྒྲིལ་དང་དར་རྒྱས་མངོན་འགྱུར་བྱེད་པར་བརྩོན་ལེན་བྱས་ཏེ། ཁུན་ནེ་ཡཱ་མི་དམངས་ཀྱི་ཙུང་ཐུང་དུ་འགྱུར་སྲིད་ཟེར།

ཁུན་ཡཱ་ཐཱ་ཡིས་ལས་འགན་ཁུར་བའི་གཏམ་བཤད་སྤེལ་སྐབས་འགན་ཡུན་གོང་མར་དཔལ་འབྱོར་དང་སྤྱི་ཚོགས་ཁྱབ་ཁོངས་ནས་བླངས་པའི་གྲུབ་འབྲས་ལ་ཕྱིར་དྲན་བྱས་པ་དང་། ཁོས་འགན་ཡུན་གསར་བའི་ནང་འགྲན་རྩོད་བསྒྲགས་གཏམ་དངོས་འབེབ་བྱས་ཏེ། མུ་མཐུད་དུ་ཞིང་ལས་འཕེལ་རྒྱས་དང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཡར་སྐུལ་གཏོང་བ་དང་། སྔར་ལས་མང་བའི་ལས་གནས་གསར་སྐྲུན་བྱེད་རྒྱུ་མ་ཟད། སྲིད་གཞུང་གི་སློབ་གསོ་དང་སྨན་བཅོས། སྡོད་ཁང་སོགས་ཁྱབ་ཁོངས་ཀྱི་དངུལ་གཏོང་ལ་ཤུགས་སྣོན་བྱས་ནས། ཕྱོགས་ཡོངས་ནས་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་ཡིན་ཟེར།

ཁུན་ཡཱ་ཐཱ་ཡིས་བསྟན་དོན། ཁུན་ནེ་ཡཱ་ཡིས་མུ་མཐུད་དུ་ཉེ་འཁོར་གྱི་རྒྱལ་ཁབ་བར་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བ་དང་། ཨ་ཧྥེ་རི་ཁ་ཤར་མ་ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས་ལ་ཡར་སྐུལ་བཏང་སྟེ། ས་ཁོངས་ཀྱི་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་ཡར་སྐུལ་གཏོང་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།