ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་ཁོང་གོ་ཅིན་དུ་སྡོད་པའི་ཞི་བདེ་སྲུང་སྐྱོབ་དམག་དཔུང་ལ་འཇབ་རྒོལ་ཐེབས་པའི་དོན་རྐྱེན་ལ་རྒོལ་གཏམ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-12-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་བརྒྱད་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོང་གོ་ཅིན་དུ་སྡོད་པའི་ཞི་བདེ་སྲུང་སྐྱོབ་དམག་དཔུང་ལ་འཇབ་རྒོལ་ཐེབས་པའི་དོན་རྐྱེན་ལ་རྒོལ་གཏམ་བཏང་།

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། ཚེས་བདུན་ཉིན་གྱི་དགོང་མོར་ཁོང་གོ་ཅིན་ཤར་ཕྱོགས་ཀྱི་པེ་ཅི་ཝུའུ་ཞིང་ཆེན་གྱི་འཇབ་རྒོལ་དོན་རྐྱེན་ལས་ཉུང་མཐར་ཡང་ཐན་ཙན་ནི་ཡཱའི་ཞི་བདེ་སྲུང་སྐྱོབ་དམག་མི་བཅུ་གཉིས་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་ཞི་བདེ་སྲུང་སྐྱོབ་མི་སྣ་བཞི་བཅུ་ལྷག་ལ་རྨས་ཕོག དེའི་ནང་མི་བཞིའི་རྨས་སྐྱོན་ཚབས་ཆེན་རེད། འཇབ་རྒོལ་དོན་རྐྱེན་ལས་ད་རུང་ཁོང་གོ་ཅིན་གྱི་དམག་མི་ལྔ་རྐྱེན་ལམ་དུ་ཤོར་ཡོད་ཟེར།

ཀུའུ་ཐི་ལོས་སི་ཡིས་འདས་པོའི་ཁྱིམ་མི་དང་ཐན་ཙན་ནི་ཡཱའི་སྲིད་གཞུང་དང་མི་དམངས་ལ་འཚམས་འདྲི་བྱས་པ་དང་། རྨས་མ་དག་སྔ་མོ་ནས་བདེ་ཐང་ཡོང་བའི་སྨོན་འདུན་ཞུས། ཁོས་ད་རུང་ཚེ་སྲོག་གི་ཉེན་ཁར་མ་འཛེམ་པར་ཞི་བདེ་སྲུང་སྐྱོབ་བྱེད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་མི་སྣར་གུས་སེམས་བསྟན།

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་མི་སྣར་དམིགས་ཏེ་བསམ་བཞིན་དུ་སྤེལ་བའི་འཇབ་རྒོལ་དོན་རྐྱེན་དེས་འཐབ་འཁྲུག་གི་ཉེས་པ་གྲུབ་ཡོད་པ་དང་། དང་ལེན་བྱེད་ཐབས་མེད་པ་ཞིག་རེད་ཟེར། ཁོས་ཁོང་གོ་ཅིན་སྲིད་གཞུང་གིས་རྟོག་ཞིབ་བྱས་ཏེ་མྱུར་མོར་ལག་དམར་ཁྲིམས་ལ་སྦྱོར་དགོས་པའི་འབོད་སྐུལ་བཏང་།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།