ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཁི་མེད་ལོ་བོ་གྲོང་ཁྱེར་གྱི་ཉོ་ཚོང་ལྟེ་གནས་ལ་མེ་སྐྱོན་བྱུང་ནས་མི་སོ་བདུན་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཞི་པའོ་ལེ་ཡཱ་ནུབ་མའི་ཁི་མེད་ལོ་བོ་གྲོང་ཁྱེར་གྱི་ཉོ་ཚོང་ལྟེ་གནས་ཤིག་ལ་ཚེས་ཉེར་ལྔ་ཉིན་མེ་སྐྱོན་ཚབས་ཆེན་བྱུང་སྟེ། མི་སོ་བདུན་རྐྱེན་ལམ་དུ་ཤོར།

ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་མྱུལ་ཞིབ་ཨུ་ཡོན་ལྷན་ཁང་གིས་བདེན་དཔང་བྱས་དོན། ཉོ་ཚོང་ལྟེ་གནས་དེར་མེ་སྐྱོན་བྱུང་བ་ལས་མི་སོ་བདུན་རྐྱེན་ལམ་དུ་ཤོར་བ་དང་། དེ་ལས་གཞན་མི་ཞེ་གསུམ་ལ་མེ་སྐྱོན་ཁྲོད་རྨས་ཕོག་ཡོད། ཧ་ལམ་མི་བདུན་ཅུ་ཙམ་གར་སོང་རྙེད་མེད་ཟེར།

ཁི་མེད་ལོ་བོ་ཀྲིག་གི་འཕྲོད་བསྟེན་ཅུའུ་ཡི་ཅུའུ་ཀྲང་གིས་བཤད་རྒྱུར། རྨས་མ་སོ་དྲུག་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། མེ་སྐྱོན་བྱུང་བའི་ཉོ་ཚོང་ལྟེ་གནས་དེ་ཁི་མེད་ལོ་བོ་ཀྲིག་གི་ལྟེ་གནས་གྲོང་ཁྱེར་ཁི་མེད་ལོ་བོ་ཡི་ལེ་ཉིན་སྲང་ལམ་དུ་ཡོད་པའི་བརྩེགས་རིམ་བཞི་ཅན་གྱི་ཐོག་ཁང་ཞིག་རེད། མིག་སྔར་མཐོང་ཐུབ་པའི་མེ་བསད་པ་དང་། མེ་གསོད་དང་རྒུད་སྐྱོབ་བྱ་བ་མུ་མཐུད་དུ་སྤེལ་བཞིན་ཡོད། 
ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་ཉིན་དེར་བསྟན་དོན། ཁི་མེད་ལོ་བོ་ཀྲིག་གི་ཀྲིག་ཀྲང་དང་བྲེལ་མྱུར་གནས་ཚུལ་པུའུ་ཡི་པུའུ་ཀྲང་གིས་ཙུང་ཐུང་ཕུའུ་ཅིན་ལ་མེ་སྐྱོན་གྱི་གནས་ཚུལ་སྙན་ཞུ་བྱས་ཡོད་ཟེར།

ཐེངས་འདིའི་མེ་སྐྱོན་གྱི་འབྱུང་རྐྱེན་གསལ་བོར་མི་ཤེས་པ་དང་། ཨུ་རུ་སིའི་འབྲེལ་ཡོད་སྡེ་ཁག་གིས་གྱོད་དོན་བཙུགས་ཤིང་རྟོག་ཞིབ་མི་སྣ་དང་མྱུལ་ཞིབ་ཆེད་མཁས་པས་གྲུབ་པའི་རྟོག་ཞིབ་ཚན་ཆུང་གིས་མེ་སྐྱོན་གྱི་འབྱུང་རྐྱེན་ལ་བརྟག་དཔྱད་བྱེད་བཞིན་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།