ཀྲུང་གོ་བོད་ཀྱི་དྲ་བ།

ཕཱ་ཁི་སི་ཐན་གྱིས་ཚོད་འཛིན་བྱེད་པའི་ཁི་ཧྲི་མུས་ཨར་ས་ཁུལ་ནས་འགྲུལ་སྐྱེལ་རླངས་འཁོར་ཞིག་གྲོག་རོང་དུ་ལྷུང་ནས་མི་བཅུ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཕཱ་ཁི་སི་ཐན་གསར་འགྱུར་ལས་རིགས་ཀྱིས་ཚེས་གསུམ་ཉིན་བསྒྲགས་པ་ལྟར་ན། འགྲུལ་བ་ཉི་ཤུ་ཙམ་དྲུད་ཡོད་པའི་འགྲུལ་སྐྱེལ་རླངས་འཁོར་ཞིག་ཉིན་དེར་ཕཱ་ཁི་སི་ཐན་གྱིས་ཚོད་འཛིན་བྱེད་པའི་ཁི་ཧྲི་མུས་ཨར་ས་ཁུལ་ནས་གྲོག་རོང་དུ་ལྷུང་སྟེ། ཉུང་མཐར་ཡང་འགྲུལ་བ་བཅུ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་དྲུག་ལ་རྨས་ཕོག་ཟེར།

བསྒྲགས་པ་ལྟར་ན། དོན་རྐྱེན་དེ་ཕཱ་ཁི་སི་ཐན་གྱིས་ཚོད་འཛིན་བྱེད་པའི་ཁི་ཧྲི་མུས་ཨར་གྱི་མུས་ཨར་པུའུ་ཨར་ས་ཁུལ་ནས་བྱུང་བ་དང་། འགྲུལ་སྐྱེལ་རླངས་འཁོར་གྱི་ཁ་ལོ་བས་རི་ལམ་གྱི་དཀྱོགས་མཚམས་ཤོག་ནས་རླངས་འཁོར་ཁ་ལོ་བྱེད་ཐབས་བྲལ་ནས། འགྲུལ་སྐྱེལ་རླངས་འཁོར་གྲོག་རོང་དུ་ལྷུང་བ་རེད།

དོན་རྐྱེན་བྱུང་རྗེས། ས་དེས་རྒུད་སྐྱོབ་བྱ་བ་མྱུར་དུ་སྤེལ། འགྲུལ་སྐྱེལ་རླངས་འཁོར་གྱི་ཁ་ལོ་བ་དང་བཅས་པའི་རྨས་མ་དྲུག་ས་དེའི་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད། མིག་སྔར་ད་རུང་རྨས་མའི་བྱེ་བྲག་གི་གནས་ཚུལ་གསལ་བོར་མི་ཤེས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།