ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་གྱི་ཙུང་ལི་ཡིས་ཡོ་རོབ་གླིང་དུ་འཚམས་འདྲི་བྱེད་པའི་དམིགས་ཡུལ་ནི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་འཆར་གཞི་ལ་བཀག་འགོག་བྱེད་པའི་ཆེད་དུ་ཡིན་པར་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཚེས་གསུམ་ཉིན་བསྟན་དོན། ཁོས་མི་འགྱངས་པར་ཡོ་རོབ་གླིང་དུ་འཚམས་འདྲི་བྱེད་རྒྱུ་མ་ཟད། འཇར་མན་དང་ཧྥ་རན་སི། དབྱིན་ཇི་བཅས་རྒྱལ་ཁབ་གསུམ་གྱི་མགོ་ཁྲིད་པ་དང་མཉམ་དུ་ཇི་ལྟར་དབྱི་ལིང་གི་ཉིང་རྡུལ་ནུས་པའི་འཆར་གཞི་ལ་མུ་མཐུད་དུ་བཀག་འགོག་བྱེད་པར་གྲོས་བསྡུར་བྱེད་རྒྱུ་ཡིན་ཟེར།

ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཉིན་དེར་བསྡུས་པའི་རྒྱུན་ལྡན་གྱི་ནེ་ཀིའི་གྲོས་ཚོགས་སྟེང་བཤད་རྒྱུར། ཁོས་ཚེས་བཞི་ཉིན་ནས་བཟུང་ཡོ་རོབ་གླིང་དུ་འཚམས་འདྲི་བྱེད་རྒྱུ་ཡིན་པ་དང་། འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་དང་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་། དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཐི་ལོས་ཧྲ་མཱེ་བཅས་དང་གྲོས་མོལ་བྱས་ཏེ། དབུས་ཤར་ས་ཁུལ་གྱི་གནས་བབ་ལ་གྲོས་བསྡུར་བྱེད་རྒྱུ་ཡིན་ཡང་། གཙོ་གནད་ནི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ཡིན་ཟེར། ཁོས་བསྟན་དོན། དབྱི་སི་རལ་གྱིས་རྒྱལ་ཁབ་དེ་གསུམ་ལ་དབྱི་ལིང་ལ་ཉིང་རྡུལ་ནུས་པའི་མཚོན་ཆ་ལྡན་པར་ཁས་ལེན་བྱེད་མི་སྲིད་པ་བསྐྱར་སྒྲོག་བྱེད་རྒྱུ་ཡིན་ཟེར།

ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ད་རུང་བཤད་རྒྱུར། དབྱི་ལིང་གིས་དབུས་ཤར་ས་ཁུལ་དང་ཁྱད་པར་དུ་སི་རི་ཡཱའི་རྒྱ་བསྐྱེད་ཀྱང་རྒྱལ་ཁབ་གསུམ་གྱི་མགོ་ཁྲིད་པའི་བར་གྲོས་མོལ་བྱེད་པའི་གཙོ་གནད་ཡིན། དབྱི་སི་རལ་གྱིས་མུ་མཐུད་དུ་དབྱི་ལིང་གི་སི་རི་ཡཱ་རུ་ཡོད་པའི་དམག་དོན་སྒྲིག་ཆས་ལ་ཆམ་ཕབ་གཏོང་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།