ཀྲུང་གོ་བོད་ཀྱི་དྲ་བ།

མའོ་ཁི་ཨར་གྱིས་ཨུ་རུ་སིའི་བར་འབྲེལ་བ་བཟང་བོ་སྲུང་འཛིན་བྱེད་འདོད་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-08-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀི་ལུའུ་ཅི་ཡཱ་རུ་འཚམས་འདྲི་བྱེད་བཞིན་པའི་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གྱིས་ཚེས་ཉེར་བཞིའི་ཉིན་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་དང་བྱང་ཆིངས་རྩ་འཛུགས་ཀྱིས་ཨུ་རུ་སི་ལ་འཇིགས་ཉེན་བཟོ་མི་སྲིད་པ་དང་། འཇར་མན་གྱིས་ཨུ་རུ་སིའི་བར་འབྲེལ་བ་བཟང་བོ་སྲུང་འཛིན་བྱེད་འདོད་ཡོད་ཟེར། 

ཉིན་དེར་ཏིས་པུས་ལེ་སི་རྒྱལ་བཙུགས་སློབ་ཆེན་ནས་སློབ་མའི་འཐུས་མིར་ཐུག་འཕྲད་བྱེད་སྐབས་མའོ་ཁི་ཨར་གྱིས་བཤད་རྒྱུར། འཇར་མན་གྱིས་ཀི་ལུའུ་ཅི་ཡཱ་དང་ཨ་སེ་པེད་ཅང་། ཝུའུ་ཁི་ལན་བཅས་བར་གྱི་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་རེ་བ་ཡོད་པ་དང་། ཞོར་དུ་ཨུ་རུ་སིའི་བར་གྱི་མཛའ་མཐུན་འབྲེལ་བ་སྲུང་འཛིན་བྱེད་འདོད་ཡོད་ཟེར། 
མའོ་ཁི་ཨར་གྱིས་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་དང་ཨུ་རུ་སི་ཡིས་མཉམ་ལས་བཟང་བོ་བྱས་ནས་ཕན་ཚུན་ལ་ཁེ་ཕན་ཐོབ་མྱོང་ཟེར། ཁོ་མོས་ནན་གྱིས་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་དང་བྱང་ཆིངས་རྩ་འཛུགས་ནི་ཨུ་རུ་སིའི་དགྲ་བོ་ཡིན་པ་དང་། ཡོ་རོབ་གླིང་མནའ་འབྲེལ་གྱིས་མུ་མཐུད་དུ་ཨུ་རུ་སིའི་བར་ནུས་ཁུངས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་ཟེར། 

ཀི་ལུའུ་ཅི་ཡཱ་ཡོ་རོབ་གླིང་མནའ་འབྲེལ་དང་བྱང་ཆིངས་རྩ་འཛུགས་ནང་ཞུགས་པའི་མདུན་ལྗོངས་གླེང་སྐབས། མའོ་ཁི་ཨར་གྱིས་ཀི་ལུའུ་ཅི་ཡཱ་ཡིས་ཡོ་རོབ་གླིང་དུ་ཞུགས་པར་འབད་བརྩོན་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཡང་། ད་ལྟ་མྱུར་མོར་ཐག་གཅོད་བྱེད་ཐབས་མེད་ཟེར། ཁོ་མོས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱིས་པཱ་ཨར་ཀན་ཕྱེད་གླིང་ནུབ་མའི་རྒྱལ་ཁབ་དང་ལེན་བྱེད་པར་བསམ་བློ་གཏོང་བཞིན་ཡོད། ད་ལྟ་ཀི་ལུའུ་ཅི་ཡཱ་དང་ཝུའུ་ཁི་ལན་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་གནད་དོན་གླེང་ན་ཅུང་སྔ་འདུག་ཟེར། 

མའོ་ཁི་ཨར་གྱིས་ཚེས་ཉེར་གསུམ་ཉིན་ནས་བཟུང་ཀི་ལུའུ་ཅི་ཡཱ་རུ་འཚམས་འདྲི་བྱེད་མགོ་བརྩམས་པ་དང་། དེའི་རྗེས་སུ་ཁོ་མོས་ད་རུང་ཨེ་མེ་ནི་ཡཱ་དང་ཨ་སེ་པེད་ཅང་ལ་འཚམས་འདྲི་བྱེད་རྒྱུ་རེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།