ཀྲུང་གོ་བོད་ཀྱི་དྲ་བ།

​ནེ་ཀྲི་རི་ཡཱའི་བདེ་འཇགས་དམག་དཔུང་གིས་པའོ་ཁི་གནས་མཆོག་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་བཅུ་བཞི་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ནེ་ཀྲི་རི་ཡཱའི་དམག་ཕྱོགས་ཀྱི་མགྲིན་ཚབ་པ་ཁྱིག་ཁུའུ་ཡིས་ཚེས་ཉེར་ལྔ་ཉིན་བཤད་རྒྱུར། འདས་པའི་ཉིན་གཉིས་ནང་ནེ་ཀྲི་རི་ཡཱའི་བདེ་འཇགས་དམག་དཔུང་གིས་བྱང་ཤར་ས་ཁུལ་ནས་གཙང་ཕྱགས་འགུལ་སྐྱོད་སྤེལ་སྐབས་བསྡོམས་པས་པའོ་ཁི་གནས་མཆོག་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་བཅུ་བཞི་བསད་པ་དང་། མི་གཏའ་བརྒྱ་དང་ཞེ་དྲུག་བདེ་བླག་ངང་བསྐྱབས་ཡོད་ཟེར། 

ཁྱིག་ཁུའུ་ཡིས་གསལ་སྒྲོག་ཅིག་གི་ནང་བཤད་རྒྱུར། ཐེངས་འདིའི་དམག་དོན་འགུལ་སྐྱོད་ནི་ཚེས་ཉེར་གསུམ་ཉིན་ནས་ཚེས་ཉེར་བཞིའི་ཉིན་བར་བྱང་ཤར་ཕྱོགས་ཀྱི་པའོ་ཨར་ནོའུ་ཀྲིག་གོ་ཀྲང་ས་ཁུལ་ནས་སྤེལ་བ་དང་། དམིགས་ཡུལ་ནི་པའོ་ཁི་གནས་མཆོག་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་ས་ཁུལ་དེར་ཡོད་པའི་སྟོབས་ཤུགས་ལྷག་འཕྲོ་གཙང་ཕྱགས་བྱེད་པའི་ཆེད་ཡིན་ཟེར། བདེ་འཇགས་དམག་དཔུང་གི་དམག་མི་གཅིག་ལ་འགུལ་སྐྱོད་སྤེལ་སྐབས་རྨས་ཕོག སྲོག་ཉེན་ལས་བསྐྱབས་པའི་མི་གཏའ་དག་འབྲེལ་ཡོད་ལས་ཁུངས་ལ་སྤྲད་དེ་རྗེས་མཐུད་ཀྱི་བྱ་བ་བཀོད་སྒྲིག་བྱས་ཡོད་ཟེར། 

པའོ་ཁི་གནས་མཆོག་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ནི་ཉིས་སྟོང་བཞིའི་ལོར་བཙུགས་པ་དང་། དུས་ཡུན་རིང་བོར་ནེ་ཀྲི་རི་ཡཱའི་བྱང་ཤར་ས་ཁུལ་དུ་འགུལ་སྐྱོད་བྱེད་བཞིན་ཡོད་པར་མ་ཟད། འདབས་འབྲེལ་དུ་ཡོད་པའི་ནེ་ཀྲིར་ལྷོ་ཕྱོགས་ས་ཁུལ་ནས་བདེ་འཇགས་འཇིགས་ཉེན་བཟོ་བཞིན་ཡོད། འདས་པའི་ལོ་གཅིག་ལྷག་གི་རིང་ལ། ནེ་ཀྲི་རི་ཡཱའི་སྲིད་གཞུང་དང་དམག་ཕྱོགས་ཀྱིས་པའོ་ཨར་ནོའུ་ཀྲིག་གི་པའོ་ཁི་གནས་མཆོག་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཐེངས་མང་བོར་དམག་དོན་ཆམ་ཕབ་འགུལ་སྐྱོད་སྤེལ། 


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།