ཀྲུང་གོ་བོད་ཀྱི་དྲ་བ།

བརྒྱུད་གཅིག་ལམ་གཅིག་གི་གྲོས་འདོན་དང་ཀྲུང་གོ་དང་ཡོ་ནན་གྱི་མཉམ་ལས་དཔྱད་བསྡུར་ཚོགས་འདུ་ཧི་ནེ་ནས་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

   20181114232318net2.jpg                      

ཡོ་ནན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཞོན་པའོ་ཡིས་དཔྱད་བསྡུར་ཚོགས་འདུའི་སྟེང་ཞུ་ཚིག་ཕུལ། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བརྒྱུད་གཅིག་ལམ་གཅིག་གི་གྲོས་འདོན་དང་ཀྲུང་གོ་དང་ཡོ་ནན་གྱི་མཉམ་ལས་དཔྱད་བསྡུར་ཚོགས་འདུ་ཚེས་བཅུ་བཞིའི་ཉིན་ཡོ་ནན་གྱི་རྒྱལ་ས་ཧི་ནེ་ནས་སྤེལ། ཀྲུང་གོ་དང་ཡོ་ནན་རྒྱལ་ཁབ་གཉིས་ཀྱི་དཔོན་རིགས་དང་། ཆེད་མཁས་པ་དང་མཁས་པ། ཁེ་ལས་འཐུས་མི་སོགས་ཀྱིས་བརྒྱུད་གཅིག་ལམ་གཅིག་གྲོས་འདོན་དང་ཡོ་ནན་གྱི་རྒྱུ་ལམ་གཉིས་དང་སྐོར་གཅིག་གི་འཕེལ་རྒྱས་འཆར་འགོད་སྦྲེལ་མཐུད་ལ་དམིགས་ཏེ་བློ་འདོན་ཇུས་འབུལ་བྱས། 

ཡོ་ནན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཞོན་པའོ་ཡིས་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། བརྒྱུད་གཅིག་ལམ་གཅིག་གི་མཉམ་ལས་གྲོས་འདོན་མཉམ་འཛུགས་བྱེད་པ་ནི་ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་ལ་འདོན་སྤྲོད་བྱས་པའི་སྤྱི་བའི་ཐོན་རྫས་ཆེས་གལ་ཆེན་ཞིག་ཡིན་པ་དང་། དམིགས་ཡུལ་ནི་མཉམ་ལས་ལ་ཞུགས་པའི་རྒྱལ་ཁབ་སོ་སོའི་བར་གཉིས་ཕན་གཉིས་རྒྱལ་དང་ཐུན་མོང་འཕེལ་རྒྱས་མངོན་འགྱུར་བྱེད་པའི་ཆེད་རེད། 

ཞོན་པའོ་ཡིས་བསྟན་དོན། ཀྲུང་གོ་དང་ཡོ་ནན་གྱི་མཐའ་མཚམས་འབྲེལ་ཡོད་པ་དང་། རིག་གནས་ཕན་ཚུན་འབྲེལ་བར་མ་ཟད་འཕེལ་རྒྱས་འདུ་ཤེས་འདྲ་བ་ཡིན། བརྒྱུད་གཅིག་ལམ་གཅིག་དང་རྒྱུ་ལམ་གཉིས་དང་སྐོར་གཅིག་གི་མཉམ་ལས་སྤེལ་བར་ཐུན་མོང་མ་ཡིན་པའི་ཁྱད་སྟོབས་ལྡན། 

ཀྲུང་གོའི་སྤྱི་བའི་ཕྱི་འབྲེལ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཧུའུ་ཀྲིན་ཡོ་ཡིས་བསྟན་དོན། བརྒྱུད་གཅིག་ལམ་གཅིག་གི་གྲོས་འདོན་ལ་ཕྱོགས་མང་བོའི་ཁས་ལེན་དང་རྒྱབ་སྐྱོར་ཐོབ་པའི་དམིགས་ཡུལ་དེ་གཅིག་ཏུ་བསྡོམས་ན་གཅིག་ནི་འདྲ་མཉམ་གཉིས་ཕན་གྱི་རྩ་དོན་ཡིན་པ་དང་། གཉིས་ནི་མཉམ་ལས་གཉིས་རྒྱལ་དམིགས་ཡུལ་དུ་བྱེད་པ། གསུམ་ནི་སྒོ་འབྱེད་བཟོད་སྒོམ་གཙོར་འཛིན་པ། བཞི་ནི་འབྲེལ་མཐུད་འཕེལ་རྒྱས་ཐབས་ལམ་དུ་བྱེད་པ། ལྔ་ནི་ཚད་ལྡན་ཁྲིམས་ལུགས་རྨང་གཞིར་བྱེད་པ་བཅས་ཡིན་ཟེར། 

ཡོ་ནན་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ལས་རོགས་པ་རོན་ཝུན་ཚའོ་ཡིས་བསྟན་དོན། ཡོ་ནན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་བརྒྱུད་གཅིག་ལམ་གཅིག་དང་རྒྱུ་ལམ་གཉིས་དང་སྐོར་གཅིག་གི་འབྲེལ་མཐུད་མཉམ་ལས་ཡིག་ཆ་བཀོད་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་བཀོད་པའི་ཐུན་མོང་གི་ལྟ་ཚུལ་གཞིར་བཟུང་ནས། འབྲེལ་ཡོད་མཉམ་ལས་དངོས་འབེབ་བྱེད་བཞིན་ཡོད། དེ་ཡོ་ནན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་རང་རང་གི་འཕེལ་རྒྱས་ལ་ཡར་སྐུལ་གཏོང་བར་ཕན་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་རྩ་བའི་ཁེ་ཕན་བསྐྲུན་ཐུབ་པར་ཡིད་ཆེས་ཡོད་ཟེར། 

ཡོ་ནན་ཕྱི་འབྲེལ་སློབ་གླིང་གི་ཡོན་ཀྲང་རོན་ཝུའུ་སུང་གིས་བསྟན་དོན། ཐེངས་འདིའི་དཔྱད་བསྡུར་གྲོས་ཚོགས་ལ་བརྟེན་ནས་རྒྱལ་ཁབ་གཉིས་ཀྱི་ཆེད་མཁས་པ་དང་མཁས་པས་འཛུགས་སྐྲུན་རང་བཞིན་གྱི་གྲོས་གཞི་མང་དུ་བཏོན་ནས། ཡོ་ནན་དང་ཀྲུང་གོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་ལ་ཡར་སྐུལ་གཏོང་བར་བྱས་རྗེས་འཇོག་དགོས་པའི་ཚུལ་བསྟན། 

དཔྱད་བསྡུར་ཚོགས་འདུའི་སྟེང་། ཡོ་ནན་ཉི་འོད་ནུས་པའི་ཚན་རྩལ་ཚད་ཡོད་ཀུང་ཟིའི་སྤྱི་གཉེར་བ་དབྱང་ཡུང་ཀྲི་ཡིས་ད་རུང་རྒྱལ་ཁབ་གཉིས་ཀྱི་འབྲེལ་མཐུད་འཕེལ་རྒྱས་འཐབ་ཇུས་ཀྱི་རྒྱབ་ལྗོངས་འོག ཀྲུང་གོ་དང་ཡོ་ནན་གྱི་ཁེ་ལས་ཐད་ཀྱི་གོ་སྐབས་གསར་བ་མཚམས་སྦྱོར་བྱས། 

ཐེངས་འདིའི་དཔྱད་བསྡུར་ཚོགས་འདུ་དེ་ཡོ་ནན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་དང་ཡོ་ནན་ཕྱི་འབྲེལ་སློབ་གླིང་གིས་མཉམ་འབྲེལ་བྱས་ཏེ་གཙོ་བསྒྲུབས་བྱས་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།