ཀྲུང་གོ་བོད་ཀྱི་དྲ་བ།

གསེར་གྱོམ་རྒྱལ་ཁབ་ཀྱིས་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་བཅོས་བསྒྱུར་སོགས་གནད་དོན་ཐད་ནས་ཐུན་མོང་ལངས་ཕྱོགས་གསལ་བོར་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཅིག་པའི་ཚེས་སུམ་ཅུའི་ཉིན། གསེར་གྱོམ་རྒྱལ་ཁབ་དག་གི་མགོ་ཁྲིད་པས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་པུའུ་དབྱེ་ནོའུ་སི་ཨེ་ལེ་སིའི་མཐོ་རིམ་གྲོས་ཚོགས་མ་བསྡུས་གོང་དངོས་གཞི་མིན་པའི་གྲོས་མོལ་བྱས། ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གྲོས་མོལ་ལ་ཞུགས་ཏེ་གཏམ་བཤད་གལ་ཆེན་སྤེལ། ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་ལཱ་མཱ་ཧྥུའུ་སཱ་དང་། པཱ་ཞིའི་ཙུང་ཐུང་ཐི་མེ་ཨར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན། རྒྱ་གར་གྱི་ཙུང་ལི་མའོ་ཏིས་བཅས་ཀྱང་གྲོས་མོལ་ལ་ཞུགས། གྲོས་མོལ་ནས་གསར་འགྱུར་སྤྱི་སྒྲོག་སྤེལ་ཏེ། ཕྱོགས་ཡོངས་ནས་གསེར་གྱོམ་རྒྱལ་ཁབ་དག་གི་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་བཅོས་བསྒྱུར་སོགས་གནད་དོན་ཐད་ཀྱི་ཐུན་མོང་ལངས་ཕྱོགས་རྒྱས་བཤད་བྱས། 

གསེར་གྱོམ་རྒྱལ་ཁབ་དག་གིས་བལྟས་ན། ཤུགས་ཆེན་པོས་འཛམ་གླིང་ཉོ་ཚོང་རྩ་འཛུགས་འཐུས་མི་ཡིན་ཞིང་། སྒྲིག་སྲོལ་རྨང་གཞིར་བྱས་པའི་ཕྱོགས་མང་ཉོ་ཚོང་སྒྲིག་ལུགས་ལ་རྒྱབ་སྐྱོར་བྱས་ཏེ། མངོན་གསལ་དང་མཐོང་ཆུང་མེད་པ། སྒོ་འབྱེད། བཟོད་སྒོམ་བཅས་ཀྱི་རྒྱལ་སྤྱིའི་ཉོ་ཚོང་ལ་འགན་སྲུང་བྱ་དགོས་པར་འདོད་པ་དང་། འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཚང་མས་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་སྒྲིག་སྲོལ་དང་མི་འཚམ་པའི་ཕྱོགས་གཅིག་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས་ཀྱི་བྱེད་ཐབས་ལ་ངོ་རྒོལ་བྱེད་པ་དང་། མཐོང་ཆུང་རང་བཞིན་དང་ཚད་བཀག་རང་བཞིན་ལྡན་པའི་བྱེད་ཐབས་རིགས་རྩིས་མེད་དུ་གཏོང་དགོགས་པའི་འབོད་སྐུལ་བཏང་། 

ཞོར་དུ་ཕྱོགས་སོ་སོས་ད་རུང་འཛམ་གླིང་གི་ཞི་བདེ་དང་གཏན་འཇགས་ལ་འབད་བརྩོན་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཀྱིལ་སྙིང་ནུས་པར་རྒྱབ་སྐྱོར་བྱེད་པ་དང་། མཉམ་དུ་ཕྱོགས་མང་རིང་ལུགས་ལ་ཤུགས་སྣོན་བྱས་ནས། འདྲ་མཉམ་དང་དྲང་བདེན། འདྲ་མཉམ། དམངས་གཙོ། འཐུས་ཚབ་རང་བཞིན་ལྡན་པའི་རྒྱལ་སྤྱིའི་སྒྲིག་ལམ་ལ་ཡར་སྐུལ་བཏང་སྟེ། ཉིས་སྟོང་སུམ་ཅུ་ལོའི་བར་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་དང་ནམ་ཟླའི་འགྱུར་ལྡོག་གི་ཕཱ་རེ་སིའི་གྲོས་ཆོད་དངོས་འབེབས་བྱེད་རྒྱུ་བསྐྱར་སྒྲོག་བྱས་པར་མ་ཟད། གསེར་གྱོམ་འཐབ་ཇུས་གྲོགས་པོའི་འབྲེལ་བར་ཤུགས་སྣོན་བྱས་ཏེ། བཟོ་ལས་གསར་བརྗེའི་གསར་བའི་གྲོགས་པོའི་འབྲེལ་བ་སོགས་གསེར་གྱོམ་མཉམ་ལས་ཀྱི་གྲུབ་འབྲས་དངོས་འབེབས་བྱེད་རྒྱུ་ཁྱབ་སྒྲོག་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།