ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལེ་པཱ་ནུན་དུ་སྡོད་པའི་གནས་སྐབས་དམག་དཔུང་གིས་ལེ་པཱ་ནུན་ལྷོ་ཕྱོགས་ཀྱི་དབྱི་སི་རལ་དང་ཉེ་བའི་་མཐའ་མཚམས་སུ་ས་འོག་རྒྱུ་ལམ་བཞི་ཡོད་པ་བདེན་དཔང་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལེ་པཱ་ནུན་དུ་སྡོད་པའི་གནས་སྐབས་དམག་དཔུང་གིས་ཚེས་བཅུ་བདུན་ཉིན་བདེན་དཔང་བྱས་དོན། ལེ་པཱ་ནུན་ལྷོ་ཕྱོགས་ཀྱི་དབྱི་སི་རལ་དང་ཉེ་བའི་མཐའ་མཚམས་སུ་ས་འོག་རྒྱུ་ལམ་བཞི་ཡོད་པ་དང་། དེའི་ནང་ས་འོག་རྒྱུ་ལམ་གཉིས་ལེ་པཱ་ནུན་དང་དབྱི་སི་རལ་གྱི་གནས་སྐབས་རྒྱལ་མཚམས་བརྒལ་ཡོད་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལེ་པཱ་ནུན་དུ་སྡོད་པའི་གནས་སྐབས་དམག་དཔུང་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལེ་པཱ་ནུན་དུ་སྡོད་པའི་གནས་སྐབས་དམག་དཔུང་གིས་ལག་རྩལ་ཚན་ཆུང་འགའ་གནས་སྐབས་རྒྱལ་མཚམས་ཀྱི་ལྷོ་ངོས་སུ་སོང་ནས་ཡུལ་དངོས་ནས་ཞིབ་བཤེར་བྱེད་དུ་བཅུག་པ་དང་། སྒེར་ཚུགས་ཀྱིས་དཔྱད་འཇོག་བྱས་པར་གཞིགས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལེ་པཱ་ནུན་དུ་སྡོད་པའི་གནས་སྐབས་དམག་དཔུང་གིས་དབྱི་སི་རལ་བྱང་ཕྱོགས་ཀྱི་ལེ་པཱ་ནུན་དང་ཉེ་བའི་མཐའ་མཚམས་ས་ཁུལ་དུ་ས་འོག་རྒྱུ་ལམ་བཞི་ཡོད་པ་བདེན་དཔང་བྱས་པ་ཡིན། ལག་རྩལ་རྟོག་ཞིབ་བྱས་པ་བརྒྱུད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལེ་པཱ་ནུན་དུ་སྡོད་པའི་གནས་སྐབས་དམག་དཔུང་གིས་དེའི་ནང་ས་འོག་རྒྱུ་ལམ་གཉིས་གནས་སྐབས་རྒྱལ་མཚམས་ལས་བརྒལ་ཡོད་པ་བདེན་དཔང་བྱས། དེ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཅིག་བདུན་ཐིག་གཅིག་དང་འགལ་ཡོད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལེ་པཱ་ནུན་དུ་སྡོད་པའི་གནས་སྐབས་དམག་དཔུང་གིས་དོན་དེར་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་པ་དང་། ལེ་པཱ་ནུན་སྲིད་གཞུང་གིས་གྲོས་ཆོད་གཅིག་བདུན་ཐིག་གཅིག་ཁྲོད་ཁག་ཁུར་བྱེད་དགོས་པའི་འགན་འཁྲི་ལག་བསྟར་བྱས་ཏེ། བྲེལ་མྱུར་གྱི་རྗེས་མཐུད་འགུལ་སྐྱོད་སྤེལ་བར་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལེ་པཱ་ནུན་དུ་སྡོད་པའི་གནས་སྐབས་དམག་དཔུང་གིས་གིས་མུ་མཐུད་དུ་ལག་རྩལ་རྟོག་ཞིབ་བྱེད་རྒྱུ་ཡིན་ཟེར། 

གསལ་སྒྲོག་ལས་ད་རུང་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལེ་པཱ་ནུན་དུ་སྡོད་པའི་གནས་སྐབས་དམག་དཔུང་གི་ལས་འགན་ས་ཁུལ་ནང་གི་གནས་བབ་སྔར་བཞིན་ཞི་འཇགས་ཡིན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལེ་པཱ་ནུན་དུ་སྡོད་པའི་གནས་སྐབས་དམག་དཔུང་གིས་འབྲེལ་ཡོད་ཕྱོགས་སོ་སོའི་བར་འབྲེལ་འདྲིས་བྱས་ཏེ། མཐའ་མཚམས་གཏན་འཇགས་ཡོང་བ་དང་གོ་ལོག་གི་དོན་རྐྱེན་འབྱུང་བར་སྔོན་འགོག་བྱེད་པར་འགན་སྲུང་བྱེད་བཞིན་ཡོད་ཟེར། 

ལེ་པཱ་ནུན་གྱི་ཙུང་ལི་ཧཱ་ལི་ལི་ཡིས་ཚེས་བཅུ་བདུན་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལེ་པཱ་ནུན་དུ་སྡོད་པའི་གནས་སྐབས་དམག་དཔུང་གི་དམག་སྤྱི་ཏི་ཨར་ཁི་ཨར་དང་གྲོས་མོལ་བྱེད་སྐབས་བསྟན་དོན། ལེ་པཱ་ནུན་གྱིས་ཕྱོགས་ཡོངས་ནས་གྲོས་ཆོད་གཅིག་བདུན་ཐིག་གཅིག་ལག་བསྟར་བྱེད་པ་རྒྱུན་འཁྱོངས་བྱེད་བཞིན་ཡོད་ལ། ལྷོ་ཕྱོགས་མཐའ་མཚམས་ཀྱི་གནས་སྐབས་རྒྱལ་མཚམས་ལ་བརྩི་འཇོག་བྱེད་བཞིན་ཡོད་ཟེར། ཁོས་ད་རུང་བསྟན་དོན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབྱི་སི་རལ་གྱིས་རྒྱུན་ཆད་མེད་པར་ལེ་པཱ་ནུན་གྱི་བདག་དབང་ལ་གནོད་པའི་བྱ་སྤྱོད་སྤེལ་བར་བཀག་འགོག་བྱེད་དགོས་པའི་རེ་བ་བཏོན། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།