ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དང་ཐུར་ཁེ། དབྱི་ལིང་བཅས་ཀྱིས་སི་རི་ཡཱའི་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་གིས་སང་ལོའི་ལོ་མགོར་གྲོས་ཚོགས་ཐོག་མ་སྤེལ་བར་ཡར་སྐུལ་གཏོང་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སི་དང་ཐུར་ཁེ། དབྱི་ལིང་བཅས་རྒྱལ་ཁབ་གསུམ་གྱི་ཕྱི་འབྲེལ་བློན་ཆེན་གྱིས་ཚེས་བཅོ་བརྒྱད་ཉིན་རི་ནེ་ཝ་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་སི་རི་ཡཱའི་གནད་དོན་གྱི་ཆེད་མངག་ཕོ་ཉ་ཏི་མུས་སི་ཐུའུ་ལཱ་དང་གྲོས་མོལ་བྱས་རྗེས་བསྟན་དོན། ཨུ་རུ་སི་དང་ཐུར་ཁེ། དབྱི་ལིང་བཅས་ཀྱིས་མཉམ་དུ་སི་རི་ཡཱའི་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་གིས་སང་ལོའི་ལོ་མགོར་གྲོས་ཚོགས་ཐོག་མ་སྤེལ་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར། 

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་གྲོས་མོལ་བྱས་རྗེས་རྒྱལ་ཁབ་གསུམ་གྱི་ཕྱི་འབྲེལ་བློན་ཆེན་གྱི་ཚབ་བྱས་ཏེ་གསར་འགྱུར་སྨྱན་བྱད་ལ་སྒྲོག་འདོན་བྱས་པའི་གསལ་སྒྲོག་ནང་བཤད་རྒྱུར། རྒྱལ་ཁབ་གསུམ་གྱི་ཕྱི་འབྲེལ་བློན་ཆེན་གྱིས་སི་རི་ཡཱའི་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་གི་འཛུགས་གྲུབ་གནད་དོན་ཐད་ནས་སི་རི་ཡཱའི་ཕྱོགས་ཁག་སོ་སོའི་བར་གྲོས་མོལ་བྱས་ཏེ་གྲུབ་འབྲས་བཟང་བོ་བླངས་ཡོད། ཨུ་རུ་སི་དང་ཐུར་ཁེ། དབྱི་ལིང་བཅས་ཀྱིས་མཉམ་དུ་འབད་བརྩོན་བྱས་ཏེ། སི་རི་ཡཱའི་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་གིས་སང་ལོའི་ལོ་མགོར་རི་ནེ་ཝ་ནས་གྲོས་ཚོགས་ཐོག་མ་སྤེལ་བར་སྐུལ་འདེད་གཏོང་རྒྱུ་ཐག་བཅད་ཡོད་ཟེར། 
ཏི་མུས་སི་ཐུའུ་ལཱ་ཡིས་ཉིན་དེའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཡིད་རྟོན་རུང་ཞིང་དོ་མཉམ་བཟོད་སྒོམ་ཅན་གྱི་སི་རི་ཡཱའི་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་ཞིག་རྩ་འཛུགས་བྱེད་པར་ཕྱོགས་སོ་སོས་སྔར་བཞིན་འབད་བརྩོན་ཆེན་པོ་བྱེད་དགོས། ཁོས་གཟའ་འཁོར་འདིའི་ནང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ལ་སི་རི་ཡཱའི་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་གི་གནས་ཚུལ་གསར་བ་སྙན་ཞུ་བྱེད་རྒྱུ་ཡིན་ཟེར། 
ད་ལོའི་ཟླ་དང་པོར་ཨུ་རུ་སིའི་སོ་ཆི་ནས་སྤེལ་བའི་སི་རི་ཡཱའི་རྒྱལ་ཡོངས་གྲོས་མོལ་ཚོགས་ཆེན་ནས་སི་རི་ཡཱའི་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་འཛུགས་རྒྱུ་ཐག་བཅད་པ་དང་། དེ་སི་རི་ཡཱའི་ཆབ་སྲིད་འཕེལ་རིམ་གྱི་གྲུབ་འབྲས་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།