ཀྲུང་གོ་བོད་ཀྱི་དྲ་བ།

མའོ་ཞི་ཁོ་དང་ཨ་མེ་རི་ཁས་ས་ཁུལ་གྱི་འཕེལ་རྒྱས་ལ་ཡར་སྐུལ་བཏང་ནས་གནས་སྤོར་སྡོད་དམངས་ཀྱི་གནད་དོན་ཞི་འཇགས་སུ་གཏོང་རྒྱུ་ཁས་ལེན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མའོ་ཞི་ཁོའི་ཕྱི་འབྲེལ་བློན་ཆེན་ཨེ་པུའུ་ལཱ་ཏི་ཡིས་ཚེས18ཉིན་བསྟན་དོན། མའོ་ཞི་ཁོ་དང་ཨ་མེ་རི་ཁས་མཉམ་དུ་མའོ་ཞི་ཁོ་ལྷོ་ཕྱོགས་དང་མེ་གླིང་དབུས་མའི་འཕེལ་རྒྱས་ལ་ཡར་སྐུལ་བཏང་སྟེ། གནས་སྤོར་སྡོད་དམངས་ཀྱི་གནད་དོན་ཞི་འཇགས་སུ་གཏོང་རྒྱུ་ཁས་ལེན་བྱས་ཡོད་ཟེར། 

ཨེ་པུའུ་ལཱ་ཏི་ཡིས་ཉིན་དེར་རྒྱལ་ས་མའོ་ཞི་ཁོ་མཁར་ནས་ཨ་མེ་རི་ཁ་དང་མའོ་ཞི་ཁོ་རྒྱལ་ཁབ་གཉིས་ཀྱི་ཐུན་མོང་བསྒྲགས་གཏམ་ཅིག་སྒྲོག་འདོན་བྱེད་སྐབས་བཤད་རྒྱུར། ཨ་མེ་རི་ཁས་མེ་སྒོར་ཐེར་འབུམ་ལྔ་དང་དུང་ཕྱུར་བརྒྱད་བཏང་ནས་མེ་གླིང་དབུས་མའི་ཟུར་གསུམ་གླིང་བྱང་མའི་རྒྱལ་ཁབ་ཧོང་ཏི་ར་སི་དང་ཝེ་ཏི་མཱ་ལཱ། སར་ཝ་ཏའོ་བཅས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་བཅོས་བསྒྱུར་ཐད་བཀོལ་རྒྱུ་ཁས་ལེན་བྱས། དེ་ལས་གཞན་ཨ་མེ་རི་ཁས་མའོ་ཞི་ཁོ་ནས་སྤྱིའི་འབོར་གྲངས་མེ་སྒོར་ཐེར་འབུམ་བཞི་དང་དུང་ཕྱུར་བརྒྱད་ཅན་གྱི་དངུལ་གཏོང་འཆར་གཞི་ཞིག་ལག་བསྟར་བྱེད་རྒྱུ་ཡིན་ཟེར། 

ཨེ་པུའུ་ལཱ་ཏི་ཡིས་བཤད་རྒྱུར། མའོ་ཞི་ཁོའི་ལྷོ་ཕྱོགས་ས་ཁུལ་དུ་དབུལ་ཕོངས་གནད་དོན་གྱི་ཤུགས་རྐྱེན་ཐེབས་པ་དང་། མའོ་ཞི་ཁོ་སྲིད་གཞུང་གིས་མ་འོངས་པའི་ལོ་ལྔའི་ནང་མེ་སྒོར་ཐེར་ཆེན་གཉིས་དང་ཐེར་འབུམ་ལྔ་བཏང་ནས་ས་ཁུལ་དེའི་འཕེལ་རྒྱས་ལ་ཡར་སྐུལ་གཏོང་རྒྱུ་ཁས་ལེན་བྱས། མའོ་ཞི་ཁོ་དང་ཨ་མེ་རི་ཁས་ས་ཁུལ་རང་དང་རྒྱལ་སྤྱིའི་གྲོགས་པོ་དག་དང་མཉམ་དུ། སྔར་ལས་དར་རྒྱས་དང་བདེ་འཇགས་ཀྱི་མེ་གླིང་དབུས་མ་འཛུགས་སྐྲུན་བྱེད་པར་སྣེ་ཁྲིད་བྱེད་རྒྱུ་ཡིན་ལ། དེ་ལྟར་བྱས་ན་ད་གཟོད་གནས་སྤོར་སྡོད་དམངས་ཀྱི་གནད་དོན་གྱི་འབྲེལ་ཡོད་རྒྱུ་རྐྱེན་ཐག་གཅོད་བྱེད་ཐུབ་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།