ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེའི་ཙུང་ཐུང་གིས་སི་རི་ཡའི་ཁུའུ་ཨར་ཏི་དྲག་ཆས་རྩ་འཛུགས་ལ་བསམ་ཤེས་སུ་འཇུག་དགོས་ཞེས་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏོ་ཨན་གྱིས་ཚེས་ཉེར་བརྒྱད་ཉིན་བཤད་རྒྱུར། སི་རི་ཡའི་སྲིད་གཞུང་དམག་བྱང་ཕྱོགས་ཀྱི་གྲོང་ཁྱེར་མན་པེ་ཅི་རུ་བཅའ་སྡོད་བྱས་པ་ནི་སེམས་ཁམས་འཐབ་མོ་ཞིག་སློང་འདོད་པ་ཡིན་ལ། ཐུར་ཁེས་སི་རི་ཡའི་ཁུའུ་ཨར་ཏི་དྲག་ཆས་རྩ་འཛུགས་ལ་བསམ་ཞིག་ཤེས་སུ་འཇུག་པའི་སེམས་ཐག་བཅད་ཡོད་ཟེར།

སི་རི་ཡའི་དྲག་ཆས་དམག་དཔུང་གི་དམག་སྤྱི་ཁང་གིས་ཉིན་དེར་གསལ་བསྒྲགས་སྤེལ་ནས། མན་པེ་ཅི་ས་ཁུལ་དུ་བཅའ་སྡོད་བྱས་པར་མ་ཟད་ས་དེ་ནས་སི་རི་ཡའི་རྒྱལ་དར་བསྒྲེངས་པ་ཡིན་ཞེས་བསྒྲགས། ཉིན་དེར་སི་རི་ཡའི་ཁུའུ་ཨར་ཏི་དྲག་ཆས་རྩ་འཛུགས་མི་དམངས་སྲུང་སྐྱོབ་དམག་དཔུང་ཞེས་མན་པེ་ཅི་ནས་ཕྱིར་འཐེན་བྱས་པ་ཁྱབ་བསྒྲགས་བྱས། ཡིན་ནའང་ཨེ་ཨར་ཏོ་ཨན་གྱིས་གསར་འགྱུར་ལས་ཁུངས་ལ་སི་རི་ཡའི་སྲིད་གཞུང་དམག་མན་པེ་ཅི་རུ་བཅའ་སྡོད་བྱས་ཡོད་མེད་ད་དུང་གཏན་ཁེལ་བྱེད་དཀའ་ཞེས་བཤད།

ཨེ་ཨར་ཏོ་ཨན་གྱིས་ད་དུང་བཤད་རྒྱུར། ཐུར་ཁེ་ཕྱོགས་ཀྱི་དམིགས་འབེན་ནི་སི་རི་ཡའི་ཁུའུ་ཨར་ཏི་དྲག་ཆས་རྩ་འཛུགས་མི་དམངས་སྲུང་སྐྱོབ་དམག་དཔུང་ཞེས་པ་དེར་བསམ་ཞིག་ཤེས་སུ་འཇུག་རྒྱུ་དེ་ཡིན་ལ། ཐུར་ཁེའི་དམག་དཔུང་གིས་མིག་སྔར་ཐུར་ཁེ་དང་སི་རི་ཡའི་མཐའ་མཚམས་ས་ཁུལ་ན་མུ་མཐུད་དུ་དམག་འཁྲུག་ལ་གྲ་སྒྲིག་བྱེད་བཞིན་ཡོད། གལ་ཏེ་ཁུའུ་ཨར་ཏི་དྲག་ཆས་དྲག་ཆས་རྩ་འཛུགས་ས་ཁུལ་དེ་ནས་ཕྱིར་འཐེན་བྱས་ན། ཐུར་ཁེ་ཕྱོགས་ལ་དོན་དག་ཅང་མེད་ཟེར།

ཨེ་ཨར་ཏོ་ཨན་དང་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་གཉིས་ཀྱིས་ཚེས་ཉེར་གསུམ་ཉིན་ཁ་པར་ལས་སི་རི་ཡའི་གནད་དོན་སྐོར་གླེང་། ཕྱོགས་གཉི་ག་སི་རི་ཡའི་གནད་དོན་ཐད་ཀྱི་མཐུན་སྦྱོར་ལ་ཤུགས་བསྣན་ཏེ། སི་རི་ཡའི་ས་ཁུལ་ཁ་ཤས་ནས་ཨ་མེ་རི་ཁའི་དམག་ཕྱིར་འཐེན་བྱས་རྗེས་དབང་ཆ་འཛིན་མཁན་མེད་པའི་གནས་ཚུལ་མི་འབྱུང་བར་བྱ་རྒྱུར་འཐད་པ་བྱུང་།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།