ཀྲུང་གོ་བོད་ཀྱི་དྲ་བ།

ཕ་ཁི་སི་ཐན་དམག་ཕྱོགས་ཀྱིས་འཇིགས་སྐུལ་མི་སྣ་ཉེར་གཉིས་ལ་སྲོག་ཆད་གཅོད་པར་ཆོག་མཆན་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕ་ཁི་སི་ཐན་དམག་ཕྱོགས་ཀྱིས་ཚེས་ཉེར་བརྒྱད་ཉིན་བཤད་རྒྱུར། ཕ་ཁི་སི་ཐན་གྱི་སྐམ་དམག་ཇུས་འདོན་དཔོན་པ་ཅེ་ཝ་ཡིས་ཉིན་དེར་དམིགས་བསལ་དམག་དོན་ཁྲིམས་ཁང་གིས་འཇིགས་སྐུལ་མི་སྣ་ཉེར་གཉིས་ལ་སྲོག་ཆད་གཅོད་པར་ཆོག་མཆན་བཀོད་ཟེར།

ཕ་ཁི་སི་ཐན་གྱི་དམག་གསུམ་གསར་འགྱུར་ཁང་གིས་ཉིན་དེར་གསལ་བསྒྲགས་ཤིག་སྤེལ་ནས་བཤད་རྒྱུར། འཇིགས་སྐུལ་མི་སྣ་ཉེར་གཉིས་པོ་དེ་དག་གིས་དམག་མི་དང་ཉེན་རྟོག་པ། མི་སེར། ཆོས་ལུགས་མི་སྣ་བཅས་ལ་འཇབ་རྒོལ་བྱས་མྱོང་བ་དང་། ཉེན་རྟོག་ཁང་དང་འཕྲིན་གཏོང་རྨང་གཞིའི་སྒྲིག་ཆས། སློབ་གསོའི་ལས་ཁུངས་སོགས་ལ་གཏོར་བརླགས་བྱས་མྱོང་། ཁོ་ཚོས་བསྡོམས་པས་མི་བརྒྱ་དང་དོན་དྲུག་བསད་པ་དང་མི་ཉིས་བརྒྱ་དང་བཅུ་བདུན་རྨས་ཟེར།

འཇིགས་སྐུལ་མི་སྣ་དེ་དག་ནི་ཕ་ཁི་སི་ཐན་སྲིད་གཞུང་གིས་རྩ་རྫོགས་བྱས་པའི་ཁྲིམས་འགལ་རྩ་འཛུགས་ཤིག་གི་ཁོངས་སུ་གཏོགས། དེའི་སྔོན་ལ་དམག་དོན་ཁྲིམས་ཁང་གིས་ཁོ་ཚོར་འདྲི་གཅོད་བྱས་པ་དང་། ཁོ་ཚོ་ཚང་མས་ནག་ཉེས་ཁས་བླངས་ཡོད།

འདི་ནི་ཉེ་བའི་གཟའ་འཁོར་གཉིས་ཀྱི་རིང་ལ། ཕ་ཁི་སི་ཐན་དམག་ཕྱོགས་ཀྱིས་སྲོག་ཆད་གཅོད་པར་ཆོག་མཆན་བཀོད་པའི་འཇིགས་སྐུལ་མི་སྣ་སྐོར་གསུམ་པ་རེད། ཟླ་འདིའི་ཚེས་བཅུ་དྲུག་ཉིན་དང་ཚེས་ཉེར་གཅིག་ཉིན་གཉིས་ལ། པ་ཅེ་ཝ་ཡིས་སོ་སོར་འཇིགས་སྐུལ་མི་སྣ་བཅོ་ལྔ་དང་འཇིགས་སྐུལ་མི་སྣ་བཅུ་བཞི་ལ་སྲོག་ཆད་གཅོད་པར་ཆོག་མཆན་བཀོད།

དམག་གསུམ་གསར་འགྱུར་ཁང་གིས་ཉེ་སྔོན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། དམིགས་བསལ་དམག་དོན་ཁྲིམས་ཁང་བཙུགས་རྗེས་འཇིགས་སྐུལ་དང་འབྲེལ་བའི་གྱོད་དོན་བདུན་བརྒྱ་དང་བཅུ་བདུན་བསྒྲུབས་པ་དང་། དེའི་ནང་གྱོད་དོན་ལྔ་བརྒྱ་དང་ཞེ་དྲུག་ཐག་གཅོད་བྱས་ཚར་ལ། ཐག་གཅོད་བྱས་པའི་གྱོད་དོན་ཁྲོད་དུ། མི་སུམ་བརྒྱ་དང་བཅུ་ཐམ་པར་སྲོག་ཆད་བཅད་ཟེར།

ཉིས་སྟོང་བཅུ་བཞི་ལོའི་ཟླ་བཅུ་གཉིས་པར། ཕ་ཁི་སི་ཐན་གྱི་དྲག་ཆས་མི་སྣས་པའེ་ཧྲ་ཝ་ས་ཆའི་དམག་མིའི་བྱིས་པའི་སློབ་གྲྭ་ཞིག་ལ་འཇབ་རྒོལ་བྱས་ཏེ་མི་བརྒྱ་དང་ལྔ་བཅུ་བསད། དེའི་རྗེས་སུ་ཕ་ཁི་སི་ཐན་སྲིད་གཞུང་གིས་དམིགས་བསལ་དམག་དོན་ཁྲིམས་ཁང་འཛུགས་པ་སོགས་ཀྱི་འཇིགས་སྐུལ་ངོ་རྒོལ་གྱི་བྱེད་ཐབས་རབ་དང་རིམ་པ་སྤྱད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།