ཀྲུང་གོ་བོད་ཀྱི་དྲ་བ།

ནེ་ཀྲིར་དམག་ཕྱོགས་ཀྱིས་པའོ་ཁི་གནས་མཆོག་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་ཉིས་བརྒྱ་དང་གྱ་བདུན་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ནེ་ཀྲིར་རྒྱལ་སྲུང་པུའུ་ཡིས་ཚེས་གཉིས་ཉིན་གསལ་སྒྲོག་སྤེལ་ཏེ། ནེ་ཀྲིར་དམག་ཕྱོགས་ཀྱིས་ཉེ་སྔོན་ཤར་ལྷོའི་ཕྱོགས་ཀྱི་ཀྲ་ཏི་མཚོ་ཁོངས་སུ་གཙང་ཕྱགས་འགུལ་སྐྱོད་སྤེལ་ཏེ། བསྡོམས་པས་པའོ་ཁི་གནས་མཆོག་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་ཉིས་བརྒྱ་དང་གྱ་བདུན་བསད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ན་ནིང་གི་ཟླ་བཅུ་གཉིས་པའི་ཚེས་ཉེར་བརྒྱད་ཉིན་ནས་ད་ལོའི་ཟླ་དང་པོའི་ཚེས་གཉིས་ཉིན་བར། ནེ་ཀྲིར་མཁའ་དམག་དང་ས་ངོས་དམག་དཔུང་གིས་མཉམ་འབྲེལ་འགུལ་སྐྱོད་སྤེལ་ཏེ། དྲག་ཆས་ཉེས་ཅན་ཉིས་བརྒྱ་དང་གྱ་བདུན་བསད་པ་དང་། འགུལ་སྐྱོད་སྤེལ་སྐབས་ད་རུང་མཚོན་ཆ་མང་བོ་གཞུང་བཞེས་བྱས། མིག་སྔར་ནེ་ཀྲིར་དམག་ཕྱོགས་ཀྱི་མི་སྣར་ཤི་རྨས་ཐེབས་མེད། 

ནེ་ཀྲིར་དམག་ཕྱོགས་ཀྱིས་གསལ་སྒྲོག་ནང་འགུལ་སྐྱོད་ཀྱི་གྲུབ་འབྲས་ལ་ཡིད་ཚིམས་པའི་ཚུལ་བསྟན་པ་དང་། ཐེངས་འདིའི་འགུལ་སྐྱོད་ལས་ཕན་ནུས་ལྡན་པའི་སྒོ་ནས་པའོ་ཁི་གནས་མཆོག་ལ་ཆམ་ཕབ་བཏང་ཡོད་ཟེར། 
ཀྲ་ཏི་མཚོ་ཁོངས་དེ་ནེ་ཀྲིར་དང་ནེ་ཀྲི་རི་ཡཱའི་འབྲེལ་མཚམས་ས་ཁུལ་དུ་གནས་པ་དང་། པའོ་ཁི་གནས་མཆོག་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་ཉེ་བའི་ལོ་འགའི་རིང་ལ་ས་ཁུལ་དེ་ནས་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཐེངས་མང་བཟོས་ཏེ་མི་སྣ་མང་བོར་ཤི་རྨས་ཐེབས་ཡོད། ན་ནིང་ཟླ་བཅུ་གཅིག་པར། ས་ཁུལ་དེའི་ཏིས་ཧྥ་ཞིང་ཆེན་དུ་ཡོད་པའི་ཧྥ་རན་སིའི་དངུལ་གཏོང་ཁེ་ལས་ཤིག་ལ་པའོ་ཁི་གནས་མཆོག་གི་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་མི་དྲུག་རྐྱེན་ལམ་དུ་ཤོར་བ་དང་། མི་བདུན་ལ་རྨས་ཕོག
པའོ་ཁི་གནས་མཆོག་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ནི་ཉིས་སྟོང་བཞིའི་ལོར་བཙུགས་པ་དང་། རྩ་འཛུགས་དེའི་དྲག་ཆས་མི་སྣ་དག་རྒྱུན་པར་ནེ་ཀྲི་རི་ཡཱའི་བྱང་ཤར་ཕྱོགས་སུ་འགུལ་སྐྱོད་བྱེད་པ་དང་། དེར་འབྲེལ་བའི་ནེ་ཀྲིར་ལྷོ་ཕྱོགས་ས་ཁུལ་དུ་བདེ་འཇགས་འཇིགས་ཉེན་བཟོ་བཞིན་ཡོད། ཉིས་སྟོང་བཅུ་དྲུག་ལོའི་ཟླ་བདུན་པར། ནེ་ཀྲི་རི་ཡཱ་དང་ཁཱ་མེ་ལུང་། ནེ་ཀྲིར། ཀྲ་ཏི་སོགས་རྒྱལ་ཁབ་ཀྱིས་དམག་དཔུང་རྩ་འཛུགས་བྱས་ཏེ་པའོ་ཁི་གནས་མཆོག་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་མགོ་བརྩམས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།