ཨ་མེ་རི་ཁའི་དམག་མི་དང་སོ་མཱ་ལིའི་སྲིད་གཞུང་དམག་དཔུང་གིས་མཉམ་འབྲེལ་གྱིས་བར་སྣང་འཇབ་རྒོལ་བྱ་འགུལ་སྤེལ་ནས་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་མི་སྣ་བཅུ་བསད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སོ་མཱ་ལི་རུ་སྡོད་པའི་ཨ་མེ་རི་ཁའི་དམག་དཔུང་དང་སོ་མཱ་ལིའི་སྲིད་གཞུང་དམག་དཔུང་གིས་ཚེས་གསུམ་ཉིན་སོ་མཱ་ལིའི་ལྷོ་ནུབ་ཕྱོགས་ཀྱི་པཱ་དབྱེ་ས་ཁུལ་ནས་ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དམིགས་འབེན་ལ་བར་སྣང་འཇབ་རྒོལ་བྱས་ཏེ། རྩ་འཛུགས་དེའི་དྲག་ཆས་མི་སྣ་བཅུ་བསད། 

བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་དམག་དཔུང་དང་སོ་མཱ་ལིའི་སྲིད་གཞུང་དམག་དཔུང་གིས་ཚེས་གསུམ་ཉིན་མའོ་ཅཱ་ཏིས་ཧྲའི་ལྷོ་ནུབ་ཕྱོགས་ཀྱི་སྤྱི་ལེ་བརྒྱ་དང་ལྔ་བཅུའི་མཚམས་སུ་ཡོད་པའི་ན་གཞོན་ཏང་གི་དམིགས་འབེན་ལ་བར་སྣང་འཇབ་རྒོལ་བྱས། དེ་ནི་ཉིས་སྟོང་བཅུ་དགུ་ལོའི་ཚུན་ལ། ཨ་མེ་རི་ཁའི་དམག་དཔུང་དང་སོ་མཱ་ལིའི་སྲིད་གཞུང་དམག་དཔུང་གིས་ཐོག་དང་པོར་མཉམ་འབྲེལ་བྱས་ཏེ་ན་གཞོན་ཏང་གི་དམིགས་འབེན་ལ་ཆམ་ཕབ་བཏང་བ་རེད། 

ན་གཞོན་ཏང་དེ་རྟེན་གཞིའི་རྩ་འཛུགས་ལ་འབྲེལ་བ་ཡོད་པ་དང་། ཨ་མེ་རི་ཁའི་སྲིད་གཞུང་གིས་འཇིགས་སྐུལ་རྩ་འཛུགས་སུ་གཏན་འཁེལ་བྱས་ཡོད། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཉིས་སྟོང་བཅུ་བདུན་ལོར་ཨ་མེ་རི་ཁའི་ཨ་ཧྥེ་རི་ཁ་གླིང་གི་དམག་སྤྱི་པུའུ་ཡིས་ཕོ་བྲང་དཀར་པོའི་ཆོག་མཆན་མ་ཐོབ་པའི་གནས་ཚུལ་འོག་ན་གཞོན་ཏང་དང་བཅས་པའི་ཨ་ཧྥེ་རི་ཁ་གླིང་གི་ཐལ་སྤྱོད་རྩ་འཛུགས་ཀྱི་དམིགས་འབེན་ལ་ཆམ་ཕབ་བཏང་ཆོག་པའི་དབང་ཆ་བསྩལ། 

ད་ལྟ་ཨ་མེ་རི་ཁའི་དམག་མི་ལྔ་བརྒྱ་ལྷག་སོ་མཱ་ལིའི་མངའ་ཁོངས་སུ་བཅའ་སྡོད་བྱས་ཡོད་པ་དང་། སོ་མཱ་ལིའི་སྲིད་གཞུང་དམག་དཔུང་དང་སོ་མཱ་ལི་རུ་སྡོད་པའི་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་ཆེད་མངག་ཚོགས་པའི་དམག་དཔུང་བར་མཉམ་འབྲེལ་བྱས་ཏེ་ན་གཞོན་ཏང་གི་དམིགས་འབེན་ལ་ཆམ་ཕབ་གཏོང་བཞིན་ཡོད།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།